བོད་ཧིན་ས་མཚམས་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་གྱི་འདུག

རྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ལྡེ་ར་རྡུན་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནས་བོད་ཧིན་ས་མཚམས་སུ་ཁེལ་བའི་གྷང་གྷོ་ཏི་རི་ཞེས་པའི་བར་དུ་བོད་མི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༢༥ ཡིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་གྱི་འདུགརྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ལྡེ་ར་རྡུན་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཧིན་ས་མཚམས་སུ་འདས་གྲོངས་སུ་གྱུར་བའི་བོད་དམག་དང་རྒྱ་གར་གྱི་དམག་མིར་གདུང་སེམས་མཉམ་སྐྱེད་དང་། རྒྱ་གར་གཞུང་གིས་བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་ཐབས་ཆེད། དེ་རིང་སྔ་དྲོར་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་བོད་མི་གཞོན་སྐྱེས་ ༡༥ དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༡༠ བཅས་ཁྱོན་མི་གྲངས་ ༢༥ ཡིས། ལྡེ་ར་རྡུན་ནས་བོད་ཧིན་ས་མཚམས་ཀྱི་ཉེ་འཁྲིས་སུ་ཁེལ་བའི་གྷང་གྷོ་ཏི་རི་ (Gangotri) བར་ཉིན་གྲངས་ ༤ རིང་འཕྲུལ་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་འདུག

ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྦྱིན་པ་ལགས་ཀྱིས་ལས་འགུལ་གྱི་དམིགས་ཡུལ་སོགས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། ད་ཐེངས་ཀྱི་ལས་འགུལ་ལ་དམིགས་ཡུལ་གསུམ་ཡོད། གཅིག་ནི་ད་ལྟའི་དུས་སྐབས་འདིར་རྒྱ་གར་གཞུང་གིས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་དེ་མུ་མཐུད་ནས་གནས་ཐུབ་ཐབས་བྱ་རྒྱུ་དེ་ཡིན་ལ། ང་ཚོར་རང་བཙན་འཐོབ་པར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེན་པོ་རེད། གཉིས་པ་དེ་བོད་ཧིན་ས་མཚམས་ལ་འདས་གྲོངས་སུ་གྱུར་བའི་བོད་དམག་དང་རྒྱ་གར་གྱི་དམག་མི་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ། དེ་བཞིན་གསུམ་པ་དེ་འཕྲུལ་རྟ་སྐོར་སྐྱོད་བྱེད་རིང་ས་གནས་མི་མང་རྣམས་ལ་བོད་དོན་དང་འབྲེལ་འབོད་ཚིག་འཁོད་པའི་ཁ་རས་རིགས་བགོ་འགྲེམ་བྱས་པ་བརྒྱུད། མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་ཐབས་བཅས་ཡིན། ཞེས་དང་། ཡང་ད་ལན་གྱི་ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གི་དངོས་ཟོག་རིགས་ཉོ་རྒྱུ་མཚམས་འཇོག་དང་། བོད་དང་རྒྱ་གར་གྱི་ས་མཚམས་དེར་བོད་ཧིན་ས་མཚམས་(Indo-Tibet border)ལས་རྒྱ་དཀར་ནག་གི་ས་མཚམས་ཞེས་མི་འབོད་རྒྱུའི་དགོས་འདུན་འདོན་གྱི་ཡོད་སྐོར་བརྗོད་བྱུང་།ཡང་ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་ལས་འགུལ་བ་རྣམས་ལྡེ་ར་རྡུན་ནས་ཐོན་ཏེ་སང་ཉིན་ཨུ་ཊར་ཀ་ཤི་(UttarKashi) རུ་འབྱོར་རྒྱུ་ཡིན་པ་དང་། ས་གནས་དེར་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་གྷང་གྷོ་ཏི་རི་ལ་འཐོན་རྒྱུ་ཡིན་པ་དང་། ལས་འགུལ་བ་རྣམས་གྷང་གྷོ་ཏི་རི་ཞེས་པ་བརྒལ་ཏེ་ནེ་ལོང་རི་གཤོངས་ (Nelong Valley) སུ་བསྐྱོད་འཆར་ཡོད་ཀྱང་། ད་ལྟའི་རྒྱ་དཀར་ནག་གི་འབྲེལ་ལམ་ཛ་དྲག་ཡིན་པའི་རྐྱེན་གྱིས། ཉེན་རྟོག་པས་བཀག་འགོག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

འདི་ལོར་ལ་དྭགས་ཀྱི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ཆེན་པོ་བྱུང་བའི་ཁྲོད་ནས། རྒྱ་གར་གྱི་དམག་མི་ ༢༠ ལྷག་རྐྱེན་འདས་ཕྱིན་པའི་གནས་ཚུལ་ཐོན་པ་དང་བསྟུན། རྒྱ་གར་རྒྱལ་ཡོངས་ནང་རྒྱ་གར་གྱི་དམག་མི་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གི་ཁྲིམས་འགལ་བཙན་འཛུལ་ལ་ངོ་རྒོལ་བྱས་ཏེ་རྒྱ་ནག་གི་ཚོང་ཟོག་མེར་སྲེག་བཏང་བ་སོགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་ལ། ཡང་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་གྱི་དགོང་མོར་བོད་ཧིན་ས་མཚམས་སུ་སྐོར་སྲུང་བྱེད་སྐབས། བོད་མིའི་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ཞུ་བ་ཞིག་རྐྱེན་འདས་སུ་ཕྱིན་པར་བརྟེན། ལ་དྭགས་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་དང་ཁུལ་འདྲ་མིན་ནང་བོད་དམག་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་མཁན་ཇེ་མང་དང་། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་བོད་མི་དྭང་ཞབས་དམག་མིའི་སྐོར་ལ་གླེང་སློང་ཤུགས་ཆེར་བྱུང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply