འབྲི་རུའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

བོད་འབྲི་རུའི་གནས་སྟངས་ལ་ཞིབ་འཇུག་བྱེད་མཁན་ཚོས་འདས་པའི་ལོའི་ནང་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུར་བཙོན་ཁང་དུ་འབྲི་རུ་རྫོང་གཅིག་པུའི་བོད་མི་ ༦༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྲིད་སྐོར་བརྗོད་འདུགདེ་རིང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས་བོད་འབྲི་རུ་རྫོང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཛ་དྲག་གནས་སྟངས་ཞེས་པའི་གསལ་འགོད་གསལ་བསྒྲགས་ཤིག་གནང་སོང་བ་དང་། ཚོགས་འདུའི་སྟེང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་བོད་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ལྷུན་གྲུབ་གྲགས་པ་ཞུ་བ་ཞིག་གླུ་གཞས་ཤིག་དང་འབྲེལ་ཏེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པའི་ནག་ཉེས་འོག་དུས་ཡུན་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་དང་འབྲེལ། རྒྱ་གཞུང་གིས་འབྲི་རུ་ཁུལ་དུ་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་སྟངས་དེ་བྱང་ཀོ་རི་ཡ་སོགས་གྱི་གནས་སྟངས་ལས་ཀྱང་སྐྱོ་བ་མེད་ནའང་ཡག་ག་མེད་སྐོར་དང་། འདས་པའི་ལོའི་ནང་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུར་བཙོན་ཁང་དུ་འབྲི་རུ་རྫོང་གཅིག་པུའི་བོད་མི་ ༦༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྲིད་པའི་བསྒྲགས་གཏམ་སྤེལ་གནང་སོང་།

ཚོགས་པ་ཁག་གིས་སྐད་ཡིག་བཞིའི་ནང་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་། རྒྱ་གཞུང་གིས་བོད་ཀྱི་གཞོན་སྐྱེས་གླུ་བ་ལྷུན་འགྲུབ་གྲགས་པར་མི་ལོ་༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་བཙོན་འཇུག་བྱེད་དོན་གཙོ་བོ་ཁོང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ཁག་ལ་སྐྱོན་བརྗོད་ཀྱི་གླུ་བླངས་བར་ཁ་གཡར་བ་ཞིག་རེད། དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་༣ པའི་ནང་གླུ་བ་གྲགས་པས་<<ཞྭ་མོ་ནག་པོ་>>ཞེས་པའི་གླུ་གཞས་དེ་བླངས་ནས་ཟླ་༢ ཙམ་གྱི་རྗེས་ཏེ། ཕྱི་ལོ་༢༠༡༩ ཟླ་ ༥ ནང་ཁོང་བཀག་སྐྱིལ་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༦ ནང་ཁྲིམས་ཐག་བཅད་འདུག དུས་ཡུན་མི་ལོ་ ༡ ལྷག་ལ་བཀག་ཉར་བྱས་ཪིང་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བྱས་ཀྱི་ཁྲིམས་རྩོད་པ་གླ་བཅུག་མེད་ཁར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་སྤྲད་མེད་པ་རེད། ཅེས་བཀོད་འདུག

ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་འབྲེལ་གནས་ཚུལ་བཏོན་པ་ལྟར། འབྲི་རུ་རྫོང་གི་དངོས་ཡོད་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་དེ་ནི། བྱིས་པ་གསུམ་གྱི་ཨ་མ་ལྷ་མོ་ལགས་རྐྱེན་འདས་སུ་གྱུར་བ་དང་། མོའི་གཉེན་ཉེ་བསྟན་འཛིན་ཐར་པ་ལགས་གང་བྱུང་བཀག་སྐྱིལ་གྱི་གནས་སྟངས་ལས་གསལ་ཡོད། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས། རྒྱ་གཞུང་གིས་བོད་ས་ཡོངས་སུ་ཚབས་ཆེའི་ཉེན་སྲུང་དང་གཞི་རྩའི་རང་དབང་ལ་དམ་དྲག་ཤུགས་ཆེར་བཏང་རྐྱེན། ལྷ་མོ་ལགས་དང་ཐར་པ་ལགས་གཉིས་ཀྱི་གནད་དོན་གཅིག་མཚུངས་ཀྱི་དངོས་ཡོད་གནས་སྟངས་མང་པོ་ཞིག་ཕྱི་ལོགས་ཀྱི་བོད་མི་ཚོས་ཤེས་རྟོགས་བྱེད་ཐབས་མེད་པ་བརྗོད་ཡོད་པ་དང་། གང་བྱུང་བཀག་སྐྱིལ་གྱིས་མནར་གཅོད་བཏང་ནས་དམར་གསོད་བྱས་དང་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་འབྲི་རུ་རྫོང་གི་བོད་མི་ཚོར་གཞི་རྒྱ་ཆེ་ས་ནས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་ཡུལ་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པའི་ཆ་ཤས་ཤིག་ཆགས་ཡོད། བཙན་བྱོལ་བོད་མིས་གནས་སྟངས་དེའི་ཐད་ལ་རྒྱུས་ལོན་ར་སྤྲོད་བྱུང་བའི་ནང་། རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་དག་གི་ཁྲོད་དུ་བསམ་གཟས་ནས་འབྲི་རུ་རྫོང་གི་བོད་མི་སྟོང་ཕྲག་མང་པོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་གསལ་ཡོད། དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་ར་སྤྲོད་གནང་མཁན་གྱི་ཚོད་དཔག་ལྟར་ན། འདས་པའི་ལོའི་ནང་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུར་བཙོན་ཁང་དུ་འབྲི་རུ་རྫོང་གཅིག་པུའི་བོད་མི་༦༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག ཅེས་བརྗོད་ཡོད་པ་རེད།གཞན་ཡང་།  ཕྱི་ལོ་༢༠༡༣ ལོ་ནས་བཟུང་འབྲི་རུ་རྫོང་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོའི་དྲག་གནོན་གྱི་སྒྲིག་སྲོལ་དང་བཀོད་ཁྱབ་བཏང་བ་ཡིས། སྤྱི་མང་ལ་འཚེ་བའི་བསམ་སྦྱོར་སྤེལ་བ་དེ་ནི་འཕྲལ་གྱི་དོན་རྐྱེན་ཙམ་མ་ཡིན་པར་འཆར་ཅན་གྱི་ཐོག་ནས་ཁྱབ་ཆེའི་ཡུལ་དང་ཡུལ་མི་གཉིས་དམིགས་འབེན་བཟུང་འདུག་པ་དང་། དེའི་ནང་དུ་ཉེ་འཁྲིས་ཀྱི་སོག་རྫོང་ཡང་ཚུད་པ་གསལ་ཡོད། ཕྱི་ལོ་༢༠༡༣ ཟླ་༡༡ པའི་ཚེས་༦ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དྲག་ཆས་དམག་མི་དང་མཐོ་རིམ་དཔོན་རིགས་མང་པོ་སྐོང་ཚོགས་གྱིས། སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་ཝུའུ་ཡང་ཅེ་ཟེར་བས། འབྲི་རུ་རྫོང་གི་བརྟན་ལྷིང་རྒྱུན་འཁྱོངས་ཡོང་ཐབས་སུ་མུ་མཐུད་དུ་ལྟ་རྟོག་མྱུལ་ཞིབ་དང་སྟངས་འཛིན་དོམ་དམ་ཤུགས་ཆེར་གཏོང་དགོས་ལུགས་བཤད་ཡོད། འདས་པའི་ལོ་ངོ་བདུན་རིང་བཙན་བྱོལ་བོད་མིས་འབྲི་རུ་རྫོང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གྱི་གནས་ཚུལ་ཁག་གི་ནང་དུ། རྒྱ་གཞུང་གིས་བོད་མི་ཚོ་བཀག་སྐྱིལ་གྱིས་མནར་གཅོད་བཏང་ནས་དམར་གསོད་བྱས་དང་བྱེད་བཞིན་པ་དེ་ནི། རྒྱ་གཞུང་རང་གི་དབང་སྒྱུར་གྱི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཚང་མར་དྲག་གནོན་བྱེད་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པ་གསལ་ཡོད། ཅེས་བཀོད་འདུག

མཇུག་ཏུ་ཚོགས་པ་ཁག་གིས་མཉམ་འབྲེལ་ཐོག་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་དོན་ཚན་ ༥ ཅན་ཞིག་བསྒྲགས་པའི་ནང་། ༡ ལྷུན་འགྲུབ་གྲགས་པ་དང་བསྟན་འཛིན་ཐར་པ་གཉིས་ཀྱིས་མཚོན་པའི་ཁྲིམས་འགལ་གྱི་ཐོག་ནས་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་པའི་བོད་མི་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས། ༢ ལྷོ་མའི་འདས་རྐྱེན་དང་འབྲི་རུ་རྫོང་གི་ཡུལ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ཡུལ་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པའི་གནད་དོན་ཐད་ལ་རང་དབང་གི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་འཇུག་དགོས། ༣ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆེ་མཐོའི་ལས་འཛིན་ལྷན་ཚོགས་དང་དམིགས་བསལ་ལས་འཛིན་ལྷན་ཚོགས་ཀྱི་རེ་སྐུལ་གཞིར་བཟུང་བོད་ས་ཡོངས་སུ་རྟོག་ཞིབ་གནང་བར་སྟངས་འཛིན་སུན་གཙེར་མེད་པར་དགོས་ངོས་ཀྱི་མཐུན་རྐྱེན་ཆ་ཚང་སྤྲོད་དགོས། ༤ རྒྱ་གཞུང་གིས་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་མནར་གཅོད། དམར་གསོད་གཏོང་ཐབས་ཀྱི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་མེད་པར་བཟོ་དགོས། ༥ རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་ལ་མིང་རྟགས་འཁོད་ཅིང་ལག་བསྟར་ཆོག་མཆན་སྤྲད་པ་གཞིར་བྱས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་དང་ཡར་རྒྱས། སྲུང་སྐྱོང་བཅས་ཡོང་ཐབས་ཆིངས་ཡིག་ཁག་གནང་གསལ་གྱི་གཡོལ་མེད་འགན་འཁྲི་ཁག་ལ་བརྩི་འཇོག་ལག་བསྟར་བྱེད་དགོས། ཞེས་བསྒྲགས་འདུག

ན་གཞོན་གཞས་པ་ལྷུན་གྲུབ་གྲགས་པའི་ཞྭ་མོ་ནག་པོའི་གཞས་ཚིག་ནང་། ལྷག་བསམ་དྲང་བདེན་ཆེ་བའི་མི་རིགས་ཤིག་ལ།གཡོ་སྒྱུའི་ཞྭ་མོ་ནག་པོ་བཙན་གྱིས་གཡོགས་སོང་།ཞྭ་དེ་མ་བཤུས་ལོ་དང་ཟླ་བའི་ཁྲོད་ནས། མི་འདོད་སྡུག་གི་དམྱལ་བ་ས་ཁར་མྱོང་སོང་། ཡིད་བཞིན་ནོར་ལས་ལྷག་པའི་སྐད་ཡིག་ཅིག་ལ། ཐབས་ཇུས་སྟོང་གི་དྲ་བས་ལྐོག་ནས་བསྡམས་སོང་། དྲ་དེ་མ་གློད་ལོ་དང་ཟླ་བའི་ཁྲོད་ནས། གདོང་དམར་ས་ཡ་དྲུག་གི་ངག་སྒོ་འགག་སོང་། ཉི་མ་སྤྲིན་གྱིས་བསྒྲིབས་པའི་ལོ་དང་ཟླ། ཟླ་བ་སྨག་གིས་ཟོས་པའི་ཉིན་དང་མཚན་མོ། འཇིག་རྟེན་མུན་པས་བཟུང་བའི་དུས་ཀྱི་ཡུན་དེ། ང་དང་གངས་ཅན་བོད་པའི་ཕམ་ཁ་ཡིན་སོང་།ཞེས་བྲིས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གནས་ཚུལ། བོད་ཀྱི་གླུ་བ་ཞིག་ལ་ལོ་དྲུག་གི་ཁྲིམས་ཐག་བཅད།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply