ཧྥ་རན་སིའི་ནང་དྲག་སྤྱོད་ཀྱི་གནད་དོན་རིམ་པར་བྱུང་།

ཧྥ་རན་སིའི་གྲོང་ཁྱེར་ནའེ་སིར་ཡོད་པའི་ཡེ་ཤུ་ལྷ་ཁང་ཞིག་ཏུ་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་སྟེ་མི་གསུམ་རྐྱེན་འདས་སུ་བཏང་བར་བརྟེན་རྒྱལ་ཡོངས་སུ་བྱུང་བའི་དྲག་སྤྱོད་ཀྱི་གནད་དོན་ལ་སྔར་ལས་དོགས་ཟོན་གནང་གི་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཧྥ་རན་སིའི་གྲོང་ཁྱེར་ནའེ་སིར་ཡོད་པའི་ཡེ་ཤུ་ལྷ་ཁང་(Notre-Dame basilica)ནང་། རང་ལོ་ ༢༡ ཡིན་པའི་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ། བུད་མེད་གཉིས་དང་སྐྱེས་པ་གཅིག་བཅས་དམར་གསོད་བཏང་ཡོད་པ་དང་།  ཧྥ་རན་སིའི་སྲིད་འཛིན་མཱག་རོན་མཆོག་གིས་དོན་རྐྱེན་དེ་ནི་འཇིགས་སྐུལ་དྲག་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་གནང་འདུག

སྲིད་འཛིན་མཱག་རོན་མཆོག་གིས། འདི་ནི་འཇིགས་སྐུལ་དྲག་སྤྱོད་པའི་དོན་རྐྱེན་ཞིག་ཆགས་ཡོད་པར་བརྟེན། ང་ཚོས་སྤྱི་དམངས་འདུ་འཛོམས་ཀྱི་ལྷ་ཁང་དང་སློབ་གྲྭ་ཁག་ཏུ་བདེ་སྲུང་མི་སྣ་ ༣༠༠༠ ནས་ ༧༠༠༠ སྣོན་འཕྲིན་གཏོང་རྒྱུ་ཡིན། ཞེས་གསུངས་ཡོད་པ་དང་། ཧྥ་རན་སིའི་ནང་དྲག་སྤྱོད་ཀྱི་བྱ་འགུལ་རིམ་པ་བྱུང་གི་ཡོད་སྟབས། ད་རེས་ཧྥ་རན་སི་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་ལ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་སྔར་ལས་དོ་ནན་གནང་རྒྱུ་ཡིན་འདུག

ཁ་སང་གཅིག་པུར་ཧྥ་རན་སི་དང་འབྲེལ་བའི་དྲག་སྤྱོད་ཀྱི་དོན་རྐྱེན་གཞན་གཉིས་བྱུང་ཡོད་པ་དང་། གཅིག་སོ་ཌི་ཨ་རབ་བྷེ་ཡར་ཡོད་པའི་ཧྥ་རན་སིའི་དོན་གཅོད་ལས་ཁུངས་མདུན་དུ་མི་ཞིག་གིས་འཇབ་རྒོལ་བྱས་ཏེ་སྐོར་སྲུང་བ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་། དེ་བཞིན། ཧྥ་རན་སིའི་གྲོང་ཁྱེར་(Avignon)ནང་མི་ཞིག་གིས་ཉེན་རྟོག་པར་མེ་མདའ་གཏད་དེ་འཇིགས་སྐུལ་བྱས་རྗེས། ཉེན་རྟོག་པ་དང་འཁྲུག་འཛིང་གིས་རྐྱེན་འདས་སུ་ཕྱིན་ཡོད་འདུགཉེན་རྟོག་ཁང་ནས་བརྗོད་པ་ལྟར་ན། ད་རེས་ལྷ་ཁང་དུ་དྲག་སྤྱོད་སྤེལ་མཁན་གྱི་མི་དེ་ནི་ཨ་ཧྥི་རེ་ཁའི་ཁ་ཆེ་རྒྱལ་ཁབ་ཊོ་ནེ་ཤི་ཡ་(Tunisia)ནས་ཡིན་པ་དང་། ཁོ་ཧྥ་རན་སིའི་ནང་འབྱོར་ཏེ་ཉིན་འགའ་མ་གཏོགས་འགྲོ་ཡི་མེད་པ་རེད། ཉེ་སྔོན་ཡང་ཁ་ཆེ་མི་ཞིག་གིས་ཧྥ་རན་སིའི་དགེ་རྒན་སཱ་མཱོལ་པཱ་ཊེ་(Samuel Paty)ཟེར་བ་ཞིག་གི་མགོ་གཏུབ་པར་བརྟེན། ཧྥ་རན་སི་རྒྱལ་ཡོངས་སུ་དྲག་སྤྱོད་གྱི་བྱ་སྤྱོད་ལ་མང་ཚོགས་རིང་བཞིན་གྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་ཞིང་། ད་རེས་དོན་རྐྱེན་དེ་ནི་ལས་འགུལ་དེའི་རྗེས་འབྲེལ་གྱི་དོན་རྐྱེན་ཞིག་ཆགས་ཡོད་སྟབས། ཧྥ་རན་སིའི་གཞུང་མང་གཉིས་ནས་འཇིགས་སྐུལ་དྲག་སྤྱོད་ཐད་དོགས་གཟབ་དོ་ནན་བྱེད་ཀྱི་ཡོད་འདུག

ཡང་ཕྱི་ཟླ་ ༩ ནང་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་མི་ཞིག་གིས་གྲིས་བརྒྱབས་ཏེ་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཤིང་། ཧྥ་རན་གཞུང་གིས་ཧྥ་རན་སིའི་ནང་ཕྱི་མི་མང་པོ་གནས་སྤོར་ཡོང་གི་ཡོད་པའི་སྐབས་དང་བསྟུན་འཇིགས་སྐུལ་དྲག་སྤྱོད་པ་མང་པོ་ཞིག་ཧྥ་རན་སིའི་ནང་སིམ་འཛུལ་བྱེད་ཀྱི་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་པ་དང་། ཉེ་བའི་ཧྥ་རན་སིར་འཇིགས་སྐུལ་དྲག་སྤྱོད་ཁྲོད་ཀྱི་ཆེས་ཚབས་ཆེ་བ་ནི་ཕྱི་ལོ་ ༢༠༡༦ ལོར་དྲག་སྤྱོད་པ་མི་གཉིས་ཀྱིས་ལྷ་ཁང་ཞིག་ཏུ་གང་བྱུང་མེ་མདས་བརྒྱབས་ཏེ་ལྷ་ཁང་གི་ཆོས་དཔོན་གཙོས་པའི་ཁྱོན་མི་ ༨༦ རྐྱེན་འདས་སུ་བཏང་བ་དང་མི་གྲངས་ ༤༥༡ ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ཕྱི་ལོ་ ༡༩༧༠ ནས་རྩིས་པའི་ད་སྔ་བར་ཧྥ་རན་སིའི་ནང་དྲག་སྤྱོད་ཀྱི་རིགས་ཁྱོན་ ༢༩༧༩ བྱུང་བའི་ཁྲོད། མི་གྲངས་ ༤༤༨ རྐྱེན་འདས་དང་མི་ ༡༧༧༩ རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply