མི་ལ་རང་བཙན་གྱི་འོས་བསྡུའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་འདུག

ཨ་རིར་གནས་སྡོད་བོད་མི་མི་ལ་རང་བཙན་ཞེས་པ་ཞིག་གིས་སྤྱི་འཐུས་ལས་ཐོག་བསྟན་འཛིན་འཇམ་དབྱངས་ལ་འོས་འཕེན་མི་རུང་བའི་གཞི་མེད་སྐྱོན་འཛུགས་བྱས་པར་ལོ་བརྒྱད་ཀྱི་གདམ་བྱ་འདེམས་བྱེད་ཐོབ་ཐང་འཕྲོག་འདུག

ཁ་སང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༣ གཞིར་བཟུང་། ཨ་རིར་གནས་འཁོད་བོད་མི་མི་ལ་རང་བཙན་ཞེས་པས་སྤྱི་འཐུས་འཇམ་དབྱངས་བསྟན་འཛིན་ལ་གཞི་མེད་སྐྱོན་འཛུགས་ཀྱི་དམའ་འབེབས་དང་། འོས་ཤོག་མ་འཐོབ་པའི་ངན་བྱུས། ཆོལ་ཁ་ཕན་ཚུན་དབར་དབྱེན་སྦྱོར་རྐྱེན་སློང་། དབུས་སའི་འོས་བསྡུ་ལས་ཁང་ལ་བརྩི་མེད་བཅས་བྱས་པའི་ངོས་འཛིན་འོག ཁོ་པར་ལོ་ ༨ རིང་བཙོན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་རྣམས་འཕྲོག་ཡོད་འདུག

དབུས་འོས་བསྡུ་ལྷན་ཁང་གི་བཅད་ཁྲའི་ནང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་ལ། མི་ལ་རང་བཙན་ཞེས་པ་དེས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༩ ཉིན་རང་གི་ཡུ་ཊུབ་བརྒྱུད་ལམ་(Tibet Star) ཞེས་པའི་ནང་ཁ་བྱང་ལ(No to Tenzin Jamyang as Utsang Chithue 2021) (བསྟན་འཛིན་འཇམ་དབྱངས་ཕྱི་ལོ་ ༢༠༢༡ ལོའི་སྤྱི་འཐུས་སུ་འོས་འདེམས་མི་བྱ།) འཁོད་པའི་བརྙང་ཐུང་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༦ ལོའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སྐབས་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་འོས་ཤོག་ག་གེ་མོར་འཕངས་ཡོད་ལུགས་ཀྱི་ཁུངས་མེད་རྫུན་གཏམ་དང་། འོས་ཤོག་མི་འཐོབ་རྒྱུའི་རྐྱེན་སློང་བྱས་ཡོད་སྐོར་ཞུ་གཏུག་བྱས་ཡོད་འདུག

ཞུ་སྙན་འབྱོར་དོན་ལྟར་དབུས་འོས་བསྡུ་ལས་ཁང་ནས་ཨ་རི་ས་གནས་འོས་བསྡུའི་འགན་འཛིན་བརྒྱུད་མི་ལ་རང་བཙན་ལ་བརྙན་ཐུང་དེ་ཉིད་འཕྲལ་དུ་ཕྱིར་བསྡུ་དགོས་པའམ། ཡང་ན་བདུན་ཕྲག་གཅིག་ནང་ཚུད་དུ་གསལ་བཤད་དགོས་པའི་བརྡ་ཐོ་བཏང་བར། མི་ལ་རང་བཙན་གྱིས་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ནས་སྙན་ཞུ་ཕྱིར་འཐེན་དགོས་པ་དང་། འབྱུང་འགྱུར་འདི་ལྟ་བུའི་གནས་ཚུལ་མང་པོ་སྤེལ་རྒྱུའི་སྡིགས་ར་བསྐུལ་ཡོད་སྐོར་བཀོད་འདུག

དེ་བཞིན་བཅད་ཁྲའི་ནང་མི་ལ་རང་བཙན་གྱིས་བཤད་པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་སྐོར་ནས། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་དེ་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་བསྡུས་ཡོད་པ་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་སྐབས་དེའི་སྤྱི་འཐུས་ལས་ཐོག་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དགོངས་ཞུ་བྱས་པའི་ཚབ་ཏུ། དེ་ལོའི་ཕྱི་ཟླ་ ༦ ཚེས་ ༢ དམ་འབུམ་བསྐོ་གཞག་བྱས་ཡོད་སྟབས། ཁོང་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་ནང་ཞུགས་མེད་པ་དང་། ད་ཐེངས་མི་ལ་རང་བཙན་གྱིས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༣ ནང་གསལ། སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོལ་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ། ཞེས་པ་ལྟར། ཚབས་ཆེའི་སྒྲིག་འགལ་བྱུང་ཡོད་སྟབས། འོས་བསྡུའི་སྒྲིག་གཞི་ ༢༤ པའི་འོས་གཞི་སྐྱེ་བོ་གཞན་དེའི་འོས་ཤོག་ཆ་ཚང་རྩིེས་མེད་དང་། ཕྱོགས་གཏོགས་བྱེད་མི་དང་གཞན་སྐྱེ་བོ་སུ་རུང་ལ་ལོ་བརྒྱད་རིང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ། ཞེས་པའི་དོན་ཚན་ལྟར། མི་ལ་རང་བཙན་ལ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་ཕྱི་ལོ་ ༢༠༢༨ ཟླ་ ༡༠ ཚེས་ ༣༡ བར་སྲིད་སྤྱི་དང་། ས་གནས་འཐུས་ཚོགས་ཀྱིས་མཚོན་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་འོས་བསྡུའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་རྣམས་འཕྲོག་ཡོད་འདུག

མཆན། ཞིབ་ཕྲའི་གནས་ཚུལ་འོས་བསྡུ་ལས་ཁང་གི་དྲ་བར་གཟིགས། https://tibetanelection.net/%e0%bd%96%e0%bd%85%e0%bd%91%e0%bc%8b%e0%bd%81%e0%be%b2%e0%bc%8d-30-10-2020/

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༣༡

Leave a Reply

4 thoughts on “མི་ལ་རང་བཙན་གྱི་འོས་བསྡུའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་འདུག

  1. བཀྲ་སྒྲོན།

    ང་ཚོ་ཕྱི་ལོག་ཡོད་པའི་བོད་པ་ཚང་མ་ལ་ཕན་ཐོགས་ཡོང་བའི་ལས་འགུལ་ཡིན་ན་འདྲ་གཏམ་བཤད་ཡིན་ན་འདྲ་བྱ་དགོས་པ་ལས་མི་ལ་རང་བཙན་འདྲ་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཁ་ལ་ཁུར་ན་རྡབ་གསིག་གཏོང་གང་ཐུབ་བྱེད་བཞིན་པ་དེ་ལ་འོས་འཕེན་རྒྱུ་ཐབས་ཐང་འཕྲོག་པ་དེར་དྲང་བདེན་གྱིས་ཐག་བཅོད་གནང་འདུག་པས་ཐུགས་རྗེ་ཆེ།

  2. འབྲོང་བུ་སོག་ཚ།

    མི་ལ་རང་བཙན་ཁོང་མི་ཡག་ཞེན་གང་ཤེས་ཏེ། བཤད་རྒྱུ་མང་པོ་ཞིག་དང་ཆོལ་ཁའི་དབར་དཀྲུགས་ཤིང་གང་ཐུབ་ཐུབ་བྱེད་མཁན་ཞིག་རེད་འདུག།

  3. སྤྱིར་སྟངས་མི་ལ་རང་བཙན་ལ་དོ་སྣང་དེ་ཙམ་མེད་རུང་། བཙན་བྱོལ་ནང་འདི་དང་དེ་བཞིན་བྱ་བ་མང་པོ་ཡོང་སྲིད་པའི་ཐོག་མ་ནས་ཞིག་འཇུག་བརྟག་དཔྱད་ནན་པོ་གནང་ནས་ཟབ་དགོས་པ་ཧ་ཅང་གལ་ཆེ།