རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བདུན་པ་མགོ་བཙུགས།  

རྒྱ་ནག་གི་མ་འོངས་དཔལ་འབྱོར་འཕེལ་འགྲིབ་ཀྱི་གཞི་རྩར་གྱུར་བའི་མི་འབོར་ཞིབ་བཤེར་ཐེངས་བདུན་པ་མགོ་འཛུགས་བྱས་ཟིན་ཡོད་པ་དང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༤ པ་ནས་བཟུང་མི་འབོར་ཞིབ་བཤེར་གྲངས་ཐོ་ཡོངས་བསྒྲགས་བྱ་འཆར་ཡོད་འདུག  རྒྱ་ནག་དམར་ཤོག་ཚོགས་པའི་ལོ་ ༡༠ རེའི་མཚམས་སུ་མི་འབོར་ཞིབ་བཤེར་ཐེངས་རེ་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ སྟེ་རྒྱ་ནག་དམར་ཤོག་ཚོགས་པ་མགོ་བཙུགས་པའི་ཉིན་མོ་དང་བསྟུན། རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར་ཐེངས་ ༧ པ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། འདི་ལོའི་མི་འབོར་ཞིབ་བཤེར་དེ་ཞི་ཅིན་ཕིན་གྱི་ལོ་ལྔ་ཚན་བཅུ་ཟེར་བའི་དཔལ་འབྱོར་འཆར་གཞིའི་སྔོན་དཔག་ཅིག་དང་།  རྒྱལ་སྤྱིའི་སྟེང་རྒྱ་ནག་གི་མ་འོངས་དཔལ་འབྱོར་གནས་བབ་ཐད་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཞི་ཅིན་ཕིན་དང་ལི་ཁེ་ཆཱང་སོགས་མཐོ་རིམ་མགོ་ཁྲིད་ཚོ་མི་འབོར་ཞིབ་བཤེར་ཁྲོད་ཞུགས་ཡོད་པ་དང་། སྐབས་དེར་ཞི་ཡིས་རྒྱ་ནག་གི་མི་གྲངས་ཞིབ་བཤེར་དེ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། རྒྱ་ནག་ནི་འཛམ་གླིང་གི་མི་གྲངས་ཆེས་མང་པོའི་རྒྱལ་ཁབ་ཅིག་ཡིན་པས། མི་གྲངས་ཞིབ་བཤེར་ནི་ཡར་རྒྱས་དང་དཔལ་འབྱོར་གཞི་རྟེན་གྱི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་། དེ་སྔོན་རྒྱ་ནག་གིས་ཐེངས་དྲུག་ལ་མི་གྲངས་ཞིབ་བཤེར་བྱས་པ་དང་།  དེ་དག་ལ་ནོར་འཆུག་མེད་པའི་གྲངས་ཐོ་ལེན་ཐུབ་ཡོད་པས། ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་འབོར་སྲིད་བྱུས་གཏན་འཁེལ་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་དེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མི་འབོར་ཞིབ་བཤེར་ཐེངས་ ༧ པ་ཆགས་ཡོད་པ་དང་། མི་འབོར་ཞིབ་བཤེར་བྱེད་སྟངས་དེ་རྒྱ་ནག་དམར་ཤོག་ཚོགས་པས་བཅད་བགོས་བྱས་ཡོད་པའི་ཞིང་ཆེན་རིམ་པ་བྱས་ཏེ། ལས་མི་ས་ཡ་ ༧ ཁྱིམ་ཚང་རེ་རེར་སོང་སྟེ་མི་རེ་བཞིན་ཐོ་འགོད་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༤ ནས་བཟུང་མི་འབོར་ཞིབ་བཤེར་གྲངས་ཐོ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་ཀྱང་། རྒྱ་ནག་ནང་སྔར་བཞིན་ཕྱི་ལོ་ ༢༠༥༠ བར་མི་འབོར་དོ་མི་སྙོམས་པའི་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།རྒྱ་གར་(zeenews)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་ཏོག་དབྱིབས་གཉན་རིམས་རྗེས་སུ་རྒྱ་ནག་དེ་འཛམ་གླིང་གི་མི་འབོར་ཆེས་མང་པའི་རྒྱལ་ཁབ་ཆགས་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༠ ལོའི་མི་འབོར་ཞིབ་བཤེར་ལས་མི་གྲངས་ཐེར་འབུམ་ ༡།༡༣ ཡོད་པ་དང་། འདི་ལོ་མི་འབོར་ཐེར་འབུམ་ ༡།༤༢ ལ་འབུད་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་མི་འབོར་ཞིབ་བཤེར་དེ་ནི་རྒྱ་ནག་གི་མ་འོངས་དཔལ་འབྱོར་སྔོན་དཔག་གི་འཆར་ཟིན་གལ་ཆེན་ཞིག་ཆགས་རྒྱུ་ཡིན་སྐོར་བཀོད་ཡོད་པ་དང་།  ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྟེང་། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆཱང་གིས་རྒྱ་ནག་ལ་ལོ་ན་ ༦༠ ཡན་གྱི་མི་འབོར་ས་ཡ་ ༤།༢ ལྷག་མང་དུ་ཕྱིན་པ་དང་། ལོ་ན་ ༦ ཡན་གྱི་བྱིས་པ་ས་ཡ་ ༡ ལྷག་མང་དུ་ཕྱིན་ཏེ། རྒྱ་ནག་གི་འཕྲོད་བསྟེན་ལྟ་སྐྱོང་ཞབས་ཞུ་དང་མི་འབོར་ལོ་ཚད་དོ་མི་སྙོམས་པའི་དཀའ་ངལ་ཡོད་པ་མ་ཟད། རྒྱ་ནག་གི་ཞིང་གྲོང་ཁག་གི་མི་རེའི་ལོ་རེའི་ཡོང་འབབ་ཨ་སྒོར་ ༡༠༠༠ ཙམ་ལས་མེད་སྟབས། རྒྱ་ནག་གི་མི་འབོར་དང་དཔལ་འབྱོར་གནས་བབ་ཐད་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གིས། ཕྲུ་གུ་གསར་སྐྱེས་ཀྱི་ཚད་གཞི་མར་ཆག་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༦༥ བར་རྒྱ་ནག་གི་སྤྱི་ཡོངས་མི་འབོར་དེ་ཐེར་འབུམ་ ༡,༡༧༢ ལ་མར་ཆག་སྲིད་པ་དང་། སྤྱིར་བཏང་ལས་གཉེར་བའི་མི་འབོར་ལ་ཕར་ཆག་དེ་ཙམ་མེད་ཀྱང་། རྒན་བྱིས་སོགས་གཞན་རྟེན་གྱི་མི་འབོར་ལ་ཕར་ཆག་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། གལ་ཏེ་དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་མི་འབོར་གྲངས་ཚད་ཇེ་ཉུང་དུ་འགྲོ་བའི་སྐབས་སུ་རྒན་རྒོན་གྱི་གྲངས་ཚད་དེ་ཡར་འཕར་སོང་ན། རྒྱལ་ཁབ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་འཐོན་སྲིད་སྐོར་དང་། རྒྱ་ནག་གཞུང་གིས་སྤྱི་ཡོངས་མི་འབོར་གྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་གྲ་སྒྲིག་དང་སྲིད་བྱུས་གཏན་འབེབ་ཀྱི་མགོ་བརྩམ་དགོས་སྐོར་བརྗོད་འདུག

དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ འཛམ་གླིང་དངུལ་ཁང་(World Bank) གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༧ ལོའི་རྒྱ་ནག་གི་མི་འབོར་དེ་ཐེར་འབུམ་ ༡,༣༨༦ ཡིན་པ་དང་། ཕྱི་ལོ་ ༢༠༢༤ བར་རྒྱ་གར་གྱི་མི་འབོར་དེ་རྒྱ་ནག་ལས་མཐོ་རུ་ཕྱིན་ཏེ་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་སྲིད་པ་དང་། དེ་བཞིན་ད་ལྟའི་ཆར་འཛམ་གླིང་གི་སྤྱི་ཡོངས་མི་འབོར་དེ་ཕྱི་ལོ་ ༢༠༡༧ ལོར་ཐེར་འབུམ་ ༧།༦ ཡིན་ཡང་། ཕྱི་ལོ་ ༢༠༣༠ ལོར་ཐེར་འབུམ་ ༨།༦ དང་། ཕྱི་ལོ་ ༢༠༥༠ ལོར་ཐེར་འབུམ་ ༩།༨ ། དུས་རབས་འདིའི་མཇུག་དེར་ཐེར་འབུམ་ ༡༡།༢ ལ་འཕར་སྲིད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་མི་འབོར་ལེགས་སྒྲིག་གི་ཐད་རྒན་གཞོན་དང་ཕོ་མོ་དོ་མི་སྙོམས་པའི་གནད་དོན་སེལ་ཆེད། ཕྱི་ལོ་ ༢༠༡༥ ལོར་བུ་ཕྲུག་གཅིག་ལས་སྐྱེ་མི་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ། རྒྱལ་ཡོངས་ནང་ཆ་སྙོམས་བུད་མེད་རེར་ཕྲུ་གུ་༢།༡ སྐྱེ་ཐུབ་པའི་ཚོད་དཔག་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོའི་ཞིབ་འཇུག་གྲུབ་དོན་ལྟར་ན། རྒྱལ་ཡོངས་ནང་ཆ་སྙོམས་བུད་མེད་རེར་ཕྲུ་གུ་ ༡།༦ ལས་སྐྱེས་མེད་པས། སྲིད་བྱུས་གསར་པ་དེས་ནུས་པ་ཆེན་པོ་ཐོན་གྱི་མེད་པ་མ་ཟད། དུས་རབས་འདིའི་ཕྱེད་ཙམ་བར་དུ་རྒྱ་ནག་ནང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་དང་རྒན་རྒོན་གྱི་གྲངས་འབོར་བར་ཧེ་བག་ཆེན་པོ་ཤོར་ཏེ། མཐར་མི་རབས་རྒན་པའི་གྲངས་འབོར་དེ་མི་རབས་གཞོན་པ་ལས་ལྡབ་འགྱུར་གྱིས་མང་དུ་འགྲོ་ཉེན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༡/༠༣

Leave a Reply