བོད་མཚོ་སྔོན་ཞིང་ཆེན་ནང་ངལ་རྩོལ་ར་བ་བཙུགས་ཏེ་ལས་མི་བསྡུ་ཡི་འདུག

རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་དང་ཡུལ་ཤུལ་ཁུལ་དུ་རྒྱལ་སྤྱིའི་སྤྱི་གླིང་འཛུགས་སྐྲུན་སོགས་ལ་ཁ་གཡར་ཏེ་ངལ་རྩོལ་ར་བ་བཙུགས་ནས་ཞིང་འབྲོག་མི་མང་ཁྲི་བདུན་ལྷག་བསྡུ་སྒྲུག་བྱེད་ཀྱི་ཡོད་འདུགའདི་ག་བོད་ཀྱི་དུས་བབ་གསར་འགོད་པར་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་མཉམ་ལས་ཀྱི་མིང་ཐོག་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ་ནང་ངལ་རྩོལ་ར་བ་ཆེན་པོ་གཉིས་བཙུགས་ཏེ།  འདི་ལོའི་ཕྱི་ཟླ ༡༠ ཚེས་ ༡ ཉིན་ནས་བཟུང་མཚོ་སྔོན་མགོ་ལོག་དང་ཡུལ་ཤུལ་གྱི་རྫོང་རིམ་པའི་མགོ་ཁྲིད་དང་རུ་ཁག་གི་མགོ་ཁྲིད།  དེ་བཞིན་ཚོགས་ཆུང་ཆ་བགོས་ཀྱིས་རྫོང་ཁག་བཅུ་གཉིས་དང་། དེའི་ཁོངས་གཏོགས་རུ་ཆེན་ ༧༢ ནང་ལས་གཞི་དེ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། ཞིང་འབྲོག་མི་མང་ལས་མི་ ༧༠༩༢༠ ཡས་མས་བཙན་གྱིས་བསྡུ་སྒྲུག་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མཉམ་ལས་ལས་གཞི་དེའི་ནང་ལོ་ན་ ༢༠ ནས་ ༥༥ མན་ཆད་ཀྱི་མི་རྣམས་ངེས་པར་དུ་ཡོང་དགོས་པ་བརྗོད་བཞིན་འདུག ཅེས་དང་། ཕྱི་ཟླ་༡༠ ཚེས་ ༡༣ ཉིན་ལས་མི་ཞིབ་བཤེར་དང་ངལ་རྩོལ་ར་བར་འགྲོ་མཁན་ལས་མི་ཚོས་ཞྭ་མོ་གྱོན་མེད་པའི་རང་གི་ཕྱེད་པར་གཉིས་རེ་དང་། ཡུལ་མིའི་ཐོབ་ཐང་ལག་འཁྱེར་དང་ཐེམ་ཐོ་ཤོག་ངོས་དང་པོ་བཅས་ཕྱི་ཟླ་ ༡༠ ཚེས་  ༢༥ ནང་ཚུད་སྤྲོད་དགོས་ཀྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་ད་ལྟའི་ཆར་ལས་གཞི་དེའི་ཆེད་དུ་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོ་ནས་སྤྱི་ལེ་ ༢༥ ཡས་མས་ཀྱི་མཚམས་སུ་ཡོད་པའི་རྫ་དམར་ཞེས་པར་ངལ་རྩོལ་ར་བ་གཅིག་བཙུགས་ཡོད་པ་དང་། ར་བ་དེར་རུ་ཆེན་ ༣༦ ནས་ངལ་རྩོལ་བ་བསྡུ་ཡི་ཡོད་འདུག དེ་བཞིན་མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རིང་གི་མཚོ་མགོ་ནས་སྤྱི་ལེ་ ༡༨ མཚམས་སུ་ཡོད་པའི་རྡོ་ཁ་ཟེར་བའི་ས་གནས་སུ་ངལ་རྩོལ་ར་བ་གཞན་ཞིག་བཙུགས་ཡོད་འདུག་ལ། མཉམ་ལས་ཀྱི་མིང་བཏགས་པའི་ངལ་རྩོལ་ར་བའི་ནང་གྲུམ་གདན་བཟོ་གྲྭ་དང་། སྔོ་ཚལ་འདེབས་ལས། གཞུང་ལམ་བཟོ་བཅོས།  རླངས་འཁོར་བཟོ་སྒྲིག གཡར་རྩྭ་དགུན་འབུ་དང་སྨན་རྩའི་རིགས་འཐུ་རྒྱུ། དེ་བཞིན་ཕྱུགས་རིགས་འཚོ་སྐྱོང་བཅས་སྡེ་ཚན་སོ་སོར་ཆ་བགོས་བྱས་ཡོད་ཀྱང་།  ལས་མི་ཚོར་གླ་ཆ་ཧ་ཅང་དམའ་བོ་དང་བུད་མེད་ཅིག་ལ་ཟླ་རེར་གླ་ཆ་རྒྱ་སྒོར་༩༠༠ དང་སྐྱེས་པ་ཞིག་ལ་རྒྱ་སྒོར་༡༢༠༠ སྤྲོད་རྒྱུ་དང་། ཟས་རིན་སོགས་རུ་ཆེན་སོ་སོའི་དངུལ་གྱི་མ་རྩ་ནས་གཏོང་དགོས་པའི་བཀའ་མངག་བྱས་ཡོད་སྐོར་བརྗོད་བྱུང་།

མགོ་ལོག་རྨ་སྟོད་རྫོང་མཚོ་སྐྱ་རིང་ཁུལ་དུ་ལོ་མང་རིང་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་གླིང་ཆེ་ཤོས་ཤིག་རྒྱག་རྒྱུའི་འཆར་གཞི་བྱས་ཏེ། རྨ་སྟོད་རྫོང་ནས་མཚོ་སྐྱ་རིང་མཚོ་མགོའི་བར་དུ་གཞུང་ལམ་གསར་བཟོ་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༨ ནང་ལས་གཞི་གྲུབ་ཡོད་པ་མ་ཟད། སྤྱི་གླིང་གསར་པ་བཟོ་ཡུལ་ས་གནས་ལ་མི་མང་བསྐོངས་ནས་ཐེངས་ཁ་ཤས་གཙང་བཟོ་བྱེད་དུ་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ས་གནས་དེར་ཡོད་སྐྱ་རིང་རུ་ཁག་གཉིས་པའི་འབྲོག་པ་དུད་ཁྱིམ་ ༩༠༠ ལྷག་གྲོང་རྡལ་ཅན་དུ་ཕབ་སྟེ། འབྲོག་པའི་དུད་ཁྱིམ་དེ་དག་རྨ་སྟོད་དང་མཛོ་ར། རྨ་ཆེན་སོགས་སུ་ཁག་བགོས་ནས་བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་Inter-Parliamentary Alliance on China (IPAC)རྒྱབ་སྐྱོར་འོག ཤིན་ཅང་ནང་གི་གནད་དོན་ཐད་ཆེད་དམིགས་ཞིབ་འཇུག་པ་དང་འཇར་མན་གྱི་མི་རིགས་རིག་པ་བ་སྐུ་ཞབས་ཨེ་ཌི་རེན་རྫན་(Adrian Zenz)ལགས་ཀྱིས་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་དབུལ་གྲོལ་དགག་སྒྲོལ་གྱི་སྲིད་བྱུས་ཟེར་བའི་འོག བོད་ནང་བཙན་བཀོལ་ངལ་རྩོལ་ར་བ་ཆེད་འཛུགས་ཀྱིས་འདི་ལོའི་ལོ་མགོ་ནས་ཕྱི་ཟླ་ ༧ པ་བར་ཁྱོན་བོད་མི་འབུམ་  ༥ ལྷག་ངལ་རྩོལ་ར་བར་བཅུག་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་དང་། གནས་ཚུལ་དེ་ཐོན་རྗེས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China (IPAC) ) ཞེས་པའི་གྲོས་ཚོགས་འཐུས་མི་གྲངས་ ༦༣ གྱིས་ཐུན་མོང་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཡང་སྤེལ་ཡོད་པ་དང་། ཁོང་རྣམ་པའི་བསྒྲགས་གཏམ་ནང་། གདུག་རྩུབ་ཅན་གྱི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་དང་། བྱ་སྤྱོད་དེ་ངེས་པར་དུ་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་སོགས་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་གནང་གི་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༡༡/༠༣

Leave a Reply