རྒྱ་ནག་གིས་ཨོ་གླིང་ལ་ཚོང་འབྲེལ་འཐབ་འཁྲུག་རྒྱག་མགོ་བརྩམས་འདུག

འདི་ལོར་ཨོ་གླིང་གཞུང་གིས་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་ཞིབ་གཏོང་བར་རྒྱབ་སྐྱོར་བྱས་སྟབས་རྒྱ་ནག་གིས་ཨོ་གླིང་གི་ཚོང་རྫས་བཀག་སྡོམ་གྱི་ལམ་ནས་བརྡ་ལན་སློག་གི་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཚོང་འབྲེལ་ཐབས་བྱུས་ཀྱི་ལམ་ནས་ཨོ་གླིང་ནས་རྒྱ་ནག་ལ་ནང་འདྲེན་བྱེད་བཞིན་པའི་འབུ་སྲིན་དང་གྲོ་གཙོ་བྱས་པའི་ནས་དང་བྱེ་མ་ཀ་ར། དེ་བཞིན་དགུན་ཆང་སོགས་ཟས་རིགས་ཀྱི་ཚོང་ཟོག་མང་པོ་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པ་དང་། རྒྱ་ནག་གིས་ཨོ་གླིང་གི་ཚོང་རྫས་བཀག་སྡོམ་བྱེད་དོན་ནི་ཚོང་རྫས་ནང་ནད་འབུ་དང་ཉལ་ཐའི་རྫས་རིགས་ཀྱི་གནད་དོན་ཡོད་ལུགས་བསྒྲགས་ཡོད་ཀྱང་། ཆབ་སྲིད་དཔྱད་བརྗོད་པས་རྒྱ་ནག་གིས་ཨོ་གླིང་ལ་ཚོང་འཁྲུག་རྒྱག་དོན་ནི་འདི་ལོ་ཕྱི་ཟླ་ ༤ ནང་འཛམ་གླིང་རྒྱལ་ཁབ་ཁག་མང་པོ་ཞིག་དང་ལྷན་དུ་ཨོ་གླིང་གཞུང་ནས་རྒྱ་ནག་གི་གྲོང་ཁྱེར་ཝོ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་གཏོང་དགོས་པར་རྒྱབ་སྐྱོར་བྱས་སྟབས་ཡིན་སྐོར་བརྗོད་ཀྱི་འདུག

ཨོ་གླིང་ཞིང་ལས་བློན་ཆེན་ཌེ་ཝི་ཌི་(David Littleproud)ལགས་ཀྱིས། ། ཨོ་གླིང་གཞུང་གིས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོ་དང་ལྷན་དུ་ཚོང་རྫས་ལ་ཞིབ་འཇུག་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད་མོད། ། ཨོ་གླིང་ལ་ཕྱི་འདྲེན་ཚོང་རྫས་ཐོག་རྟོག་ཞིབ་ཀྱི་སྒྲིག་ཁྲིམས་དམ་པོ་ཡོད་བཞིན་དུ། རྒྱ་ནག་གིས་ང་ཚོའི་ཚོང་ཟོག་ཐོག་ཆད་པ་ཇེ་མང་དུ་གཏོང་བཞིན་ཡོད་པ་ནི། རྒྱ་ནག་གིས་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་བརྒྱུད་ཨོ་གླིང་གི་དཔལ་འབྱོར་ཉམ་རྒུད་དུ་གཏོང་འདོད་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་རྒྱ་ནག་གིས་ཨོ་གླིང་གི་ཚོང་རྫས་ཁག་མང་པོའི་རྒྱུ་སྤུས་ལ་གནད་དོན་ཡོད་པའི་སྐྱོན་བརྗོད་འོག་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཨ་སྒོར་ཐེར་འབུམ་ ༧ ལྷག་གི་ཚོང་རྫས་བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཨོ་གླིང་གི་དཔལ་འབྱོར་དབྱེ་ཞིབ་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཨོ་གླིང་ནས་ཚོང་རྫས་ནང་འདྲེན་བྱེད་བཞིན་པའི་ཚོང་པ་ཁག་ལ་ཨོ་གླིང་གི་ཟས་རིགས་དང་དགུན་ཆང་སོགས་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་དང་། ད་རེས་བཀའ་ཁྱབ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་རིམ་པའི་བཀའ་ཁྱབ་ཅིག་ཡིན་པ་ལས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་བཀའ་ཁྱབ་ཅིག་མིན་སྟབས། ཐེངས་འདིའི་ཚོང་རྫས་བཀག་སྡོམ་དེ་ནི་རྒྱ་ནག་རྒྱལ་ཡོངས་རིང་བཞིན་གྱི་བཀག་སྡོམ་ཞིག་མིན་པ་ཤེས་རྟོགས་ཐུབ་ཡོད་སྐོར་བརྗོད་འདུག

ཨོ་གླིང་གི་གྲོ་དང་འབྲེལ་བའི་ཟས་རིགས་རྒྱ་ནག་ཏུ་གཏོང་མཁན་ཚོང་པ་ཞིག་གིས། གནད་དོན་འདི་གསལ་པོ་ཞེ་དྲགས་རེད། རྒྱ་ནག་གིས་ཨོ་གླིང་གི་ཚོང་དོན་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་རེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ཨ་སྒོར་ས་ཡ་ ༢ ལྷག་གི་ཨོ་གླིང་གི་ཆུ་སྲིན་དང་འབྲེལ་བའི་ཟས་རིགས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་བཀག་སྡོམ་བྱས་ཡོད་སྟབས། ཨོ་གླིང་གི་ཚོང་པ་མང་པོ་ཞིག་གིས་ད་ལྟ་ནས་རྒྱ་ནག་ལ་ཕྱིར་ཚོང་རྒྱག་རྒྱུར་ཞེ་སྣང་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་ཨོ་གླིང་གི་ཚོང་རྫས་ཁག་ལ་འབག་བརྩོག་ཤོར་བ་དང་དེའི་ནང་ནད་འབུ་དང་ཐ་མག་ཉལ་ཐའི་རྒྱུ་ཆ་སོགས་ཡོད་པའི་སྐྱོན་བརྗོད་དང་སྦྲགས། ཨོ་གླིང་ནང་ཡོད་པའི་རྒྱ་རིགས་སློབ་མ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཨོ་གླིང་ནང་འདུག་རྒྱུར་དོགས་གཟོན་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ད་ལྟ་ཨོ་གླིང་གི་དགུན་ཆང་དང་འབྲེལ་བའི་ཚོང་དོན་རིགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དཔྱད་བརྗོད་པས་རྒྱ་ནག་གིས་ཨོ་གླིང་གི་ཚོང་རྫས་ཐོག་ཞིབ་འཇུག་བྱས་ཏེ་དཔྱ་ཁྲལ་སྤར་སྣོན་གྱིས་ཨོ་གླིང་ལ་ཚོང་ཆད་གཅོད་འདོད་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་བཞིན་པའི་སྐབས་འདིར། ཨོ་གླིང་གཞུང་གིས་འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གྲོང་ཁྱེར་ཝོ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་དང་། ཨ་རི་གཙོས་པའི་དབྱིན་ཡུལ་དང་རྒྱ་གར་སོགས་དང་མཉམ་འབྲེལ་གྱིས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་བདག་དབང་གཙོས་པའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་དབང་རྟོག་ཞིབ་སོགས་ལས་འགུལ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཨོ་གླིང་ནས་རྒྱལ་ཁབ་གཉིས་བར་གྱི་རྒྱལ་སྲིད་འབྲེལ་ལམ་ལ་དོ་ཕོག་བཏང་བར་རྒྱ་ནག་ཕྱོགས་ནས་ཨོ་གླིང་ལས་སླ་པོ་འཇོག་གི་མིན་ཞེས་བརྡ་ལན་སྤྲད་ཡོད་སྟབས། ད་རེས་ཆབ་སྲིད་དཔྱད་བརྗོད་མང་པོས་རྒྱ་ནག་གཞུང་གིས་ཨོ་གླིང་ལ་ཆབ་སྲིད་ཀྱི་ཐོག་ནས་བརྡ་ལན་ཉེས་ཆད་གཏོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༠༣

Leave a Reply