སྟེང་པོ་ཆེ་རིན་པོ་ཆེ་མཆོག་སྐུ་གཤེགས་པར་ཐུགས་གསོ་མཛད།

༧སྐྱབས་རྗེ་སྟེང་པོ་ཆེ་རིན་པོ་ཆེ་ངག་དབང་བསྟན་འཛིན་བཟང་པོ་མཆོག་དགོངས་པ་རྫོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་འདུགཉེ་སྔོན་སྟེང་པོ་ཆེ་རིན་པོ་ཆེ་ངག་དབང་བསྟན་འཛིན་བཟང་པོ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༦ ཐོག་བལ་ཡུལ་གྱི་རང་ཤག་ཏུ་དགོངས་པ་རྫོགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་བའི་ནང་། ད་ལྟ་རིན་པོ་ཆེ་མཆོག་ང་ཚོ་དང་མཉམ་དུ་མེད་ནའང་། ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་ཐབས་ཡག་ཤོས་ནི་རིན་པོ་ཆེ་མཆོག་གིས་མིག་དཔེར་འོས་པའི་གཞན་ཕན་གྱི་ཕྱག་ལས་གནང་བ་དེ་ཡིན་པ་དང་། དེ་སྔ་ངོས་རང་འབྲས་ལྗོངས་སུ་བསྐྱོད་པའི་སྐབས། རིན་པོ་ཆེ་མཆོག་ངོས་རང་ལ་ཐུག་ཏུ་ཡོང་བ་དྲན་གྱི་འདུག  རིན་པོ་ཆེ་མཆོག་གིས་གཞན་ཕན་སླད་ཁ་ཡོད་ལག་ཡོད་ཀྱིས་ཞབས་ཞུ་བསྒྲུབས་པ་ནི་མང་ཚོགས་ཁྲོད་ཇི་ལྟར་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་དགོས་པའི་མིག་དཔེ་བཟང་པོ་ཞིག་ཡིན་པ་རེད། ཅེས་དང་། སྤྱིར་རིན་པོ་ཆེ་མཆོག་རྙིང་མ་པ་ཞིག་ཡིན་ནའང་། སྐུ་ན་གཞོན་པའི་དུས་བོད་ནང་ཆོས་བརྒྱུད་རིས་མེད་ཀྱི་བླ་མའི་དྲུང་ནས་བསླབ་པ་སློབ་གཉེར་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༧ ལོར་རིན་པོ་ཆེ་མཆོག་སྟེང་པོ་ཆེ་དགོན་པར་ཕྱིར་ཕེབས་ཏེ། མཁན་པོའི་ཐུགས་འགན་བཞེས་རྗེས། དགོན་པའི་དགེ་འདུན་པ་རྣམས་ལ་བསླབ་པ་སློབ་གཉེར་དང་ཉམས་ལེན་གནང་བ་ཙམ་མིན་པར་ས་གནས་ཀྱི་སྤྱི་ཚོགས་ནང་ཞུགས་ཏེ་ཞབས་ཞུ་བསྒྲུབས་དགོས་པར་སྐུལ་མ་གནང་ཡོད་པ་རེད། ཅེས་གསུངས་འདུགཡང་གསུང་འཕྲིན་ནང་། གཅིག་མཚུངས་སུ་བསྔགས་འོས་པ་ཞིག་ལ་རིན་པོ་ཆེ་མཆོག་གིས་མ་སྐུལ་དང་བླངས་ཀྱིས་སྐུ་འབུམ་ལུང་གཤོངས་སུ་ཤིང་ནགས་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་བ་མ་ཟད། ས་གནས་མི་མང་ལ་ཁོར་ཡུག་སྲུང་སྐྱོང་དགོས་པའི་ལམ་སྟོན་ཡང་ཡང་གནང་ཡོད་པ་རེད། རིན་པོ་ཆེ་མཆོག་གིས་མི་ལོ་ ༡༥ ཙམ་གྱི་གོང་ནས་རང་བྱུང་ཁོར་ཡུག་གི་ཐོན་ཁུངས་རྣམས་ཚད་ལས་བརྒལ་ཏེ་གཏོར་བཤིག་བཏང་ཚེ། ས་གནས་སུ་འཐུང་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། འདས་པའི་ལོ་དེ་དག་གི་ནང་རི་བོ་ཇོ་མོ་གླང་མར་འཛེགས་མཁན་རྣམས་ཀྱིས་སྟེང་པོ་རིན་པོ་ཆེ་མཆོག་ལམཇལ་ཁ་བཅར་བའི་སྐབས། རིན་པོ་ཆེ་མཆོག་གིས་ཁོང་ཚོར་ལམ་སྟོན་གནང་བ་རྣམས་ཧ་ཅང་གནད་འགག་དང་གལ་ཆེ་ཡིན་སྐོར་ངོས་ལ་འགྲེལ་བརྗོད་གནང་བྱུང་། ཕྱི་ལོ་ ༡༩༨༩ ལོར་སྟེང་པོ་རིན་པོ་ཆེ་མཆོག་གི་དགོན་པར་མེ་སྐྱོན་བྱུང་སྐབས་མང་པོ་ཞིག་གིས་དགོན་པ་སླར་གསོ་ཆེད་མཐུན་འགྱུར་རོགས་རམ་གནང་བར་ངོས་རང་དགའ་ཚོར་ཆེན་པོ་བྱུང་། ཞེས་གསུངས་འདུགགསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༠༣

Leave a Reply