བལ་ཡུལ་ནི་རྒྱ་ནག་གི་མངའ་སྡེ་ཞིག་ལྟ་བུ་མཐོང་གི་འདུག

རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་སུ་འཛུགས་སྐྲུན་ལས་གཞི་སོགས་སྤེལ་ཏེ་བཙན་འཛུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་པར་བལ་གཞུང་དང་རྒྱ་ནག་གཞུང་གཉིས་ནས་བདེན་པ་མིན་ཚུལ་གྱི་བསྒྲགས་གཏམ་སྤེལ།ཁ་སང་ཕྱི་ཚེས་ ༣ ཉིན་དབྱིན་ཡུལ་གྱི་ཉིན་རེའི་ཏར་འཕྲིན་ (Daily Telegraph) གསར་ཁང་གིས། བལ་ཡུལ་གྱི་གཞུང་འཛིན་ཁ་གཏད་ཀོང་རི་སི་ཆབ་སྲིད་ཚོགས་པའི་ཚོགས་མི་ར་ཀེ་ཤི་ཀུ་མཱར་མི་ཤི་ར་ (Rakesh Kumar Mishra) དང་། ཇི་ཝན་བྷ་ཧ་དྷུར་ཤ་ཧི་ (Jeevan Bahadur Shahi) གཉིས་ཀྱིས།  འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་བོད་བལ་ས་མཚམས་སུ་རྒྱ་ནག་གཞུང་གིས་བལ་ཡུལ་ཕྱོགས་ཀྱི་ས་ཁུལ་ཁག་ལྔ་ཙམ་གྱི་ནང་ས་ཁྱོན་ཧེཀ་ཊར་ ༡༥༠ ཙམ་བཙན་བཟུང་བྱས་ཏེ་འཛུགས་སྐྲུན་ལས་གཞི་ཁག་ ༩ སྤེལ་གྱི་ཡོད་པ་དང་། བལ་ཡུལ་སྲིད་གཞུང་གིས་རྒྱ་ནག་གཞུང་ཕྱོགས་ལ་ཡ་ལན་གང་ཡང་སློག་ཐུབ་ཀྱི་མེད་པ་བརྗོད་འདུག

ཡང་བལ་ཡུལ་གྱི་ཆབ་སྲིད་པ་ཤ་ཧེ་ (Shahi) ཡིས་གསར་ཁང་དེར་བརྗོད་པ་ལྟར་ན། ཁོང་དང་ཁོང་གི་ལས་རོགས་ཚོས་རྒྱ་ནག་གཞུང་གིས་ཉེ་ལམ་བཙན་བཟུང་བྱས་པའི་གླེ་མི་ (Limi) ལུང་གཤོངས་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། རྒྱ་ནག་བཅིངས་གྲོལ་དམག་གིས་མིག་ཆུ་དུག་རླངས་གཏོར་བ་དང་རྡོ་གཞུས་པ་སོགས་བྱས་ཏེ་ཉེས་མེད་གཅར་རྡུང་བཏང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་བལ་ཡུལ་གྱི་གསར་འགོད་པ་བྷ་ལ་རམ་བྷ་ནི་ཡ་ (Balaram Baniya) ས་གནས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་དུ་ཕྱིན་ནས་ཉིན་འགའི་རྗེས། ཉེ་འཁོར་གྱི་གཙང་བོ་ (Bagmati River) ཡི་ནང་རྐྱེན་འདས་སུ་ཕྱིན་ཡོད་པའི་གནས་ཚུལ་བྱུང་ཡོད་པས། བལ་ཡུལ་མི་མང་ལ་རང་ཉིད་ཀྱི་ས་ཁོངས་སྲུང་སྐྱོབ་ཆེད་རྒྱལ་ཁབ་གཞན་གྱི་རོགས་རམ་དགོས་ཀྱི་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) གྱིས། རྒྱ་ནག་གཞུང་གིས་བལ་ཡུལ་ཕྱོགས་ཀྱི་ས་ཆ་བཙན་བཟུང་བྱེད་བཞིན་པའི་གནས་ཚུལ་ནི་དངོས་ཡོད་མིན་པའི་དཀྲོག་གཏམ་ཞིག་ཡིན་སྐོར་བརྗོད་འདུག་ལ། བལ་ཡུལ་གྱི་ཕྱི་སྲིད་མགྲིན་ཚབ་མ་སི་ཝ་ལམ་སལ་ (Sewa Lamsal) གྱིས་ཀྱང་། རྒྱ་ནག་གིས་ང་ཚོའི་ས་ཆར་བཙན་འཛུལ་བྱས་པ་དང་ས་གནས་སུ་འཛུགས་སྐྲུན་བྱེད་བཞིན་པའི་གནས་ཚུལ་དེ་ནི་བདེན་པ་མ་རེད། ཅེས་བརྗོད་དེ་རྒྱ་ནག་གཞུང་གི་སྐད་ཆར་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག

བལ་ཡུལ་ནང་གནས་སྡོད་བོད་མི་ཆོས་གྲགས་ལགས་ཀྱིས་འདི་གའི་གསར་འགོད་པར། བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུང་སྐར་དང་གསུམ་བཅུའི་དུས་དྲན་སོགས་སྲུང་གཙིའི་ཆེད་འདུ་འཛོམས་བྱེད་པ་ཕར་ཞོག ཐ་ན་བལ་ཡུལ་ནང་ཕྱིས་སུ་འབྱོར་བའི་བཙན་བྱོལ་བ་རྣམས་ལ་གཞུང་ཕྱོགས་ནས་སྐྱབས་བཅོལ་གྱི་ངོས་འཛིན་བྱེད་ཀྱི་མེད་ཐོག ཉིན་རེའི་འཚོ་བའི་ནང་བོད་མི་ཚོས་ཁ་པར་གྱི་བྱང་བུ་ཉོ་མི་ཆོག་པ་དང་འཕྲུལ་རྟ་ཉོ་མི་ཆོག་པ། དེ་བཞིན་ཁང་པ་ཉོ་མི་ཆོག་པ་མ་ཟད། མཚམས་རེར་ས་གནས་སུ་ཁང་པ་གླ་རྒྱུའང་ཁག་པོ་བཟོ་ཡི་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་རྒྱུ་མཚན་གྱིས་ཡིན་ལ། བལ་ཡུལ་ནང་ཉིན་རེར་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་ཕྱིན་ཏེ། ད་ལྟའི་བལ་ཡུལ་ནི་རྒྱ་ནག་གི་མངའ་སྡེ་ཞིག་གི་ངོ་བོར་གནས་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༡༩༩༨ ལོར་ནས་བཟུང་བལ་ཡུལ་གཞུང་གིས་བོད་ནས་གསར་དུ་འབྱོར་བའི་བཙན་བྱོལ་བོད་མི་རྣམས་ཙམ་མ་ཟད། བལ་ཡུལ་ནང་སྐྱེས་པའི་བོད་མི་རྣམས་ལའང་སྐྱབས་བཅོལ་ལག་དེབ་ཚུད་པའི་གཞུང་གི་ངོས་འཛིན་ཡོད་པའི་ཡིག་ཆ་ཁག་སྤྲོད་མཚམས་བཞག་ཡོད་པ་མ་ཟད། ས་གནས་ཀྱི་མི་སེར་ལག་ཁྱེར་ཐོབ་པའི་བོད་མི་རྣམས་ཀྱི་ས་ནས་མི་སེར་ཐོབ་ཐང་ཕྱིར་བསྡུ་ཐབས་བྱས་ཡོད་པ་དང་།  བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར་དུ་བལ་ཡུལ་ནང་བོད་མི་གྲངས་ ༡༣༧༢༠ དང་། ཕྱི་ལོ་ ༢༠༠༩ ལོར་བོད་མི་གྲངས་ ༡༣༥༡༤ ཡས་མས་ཡོད་འདུག་ལ། ད་ལྟ་བོད་མི་ཁྲི་ ༢ ལྷག་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༡༡ ནང་བལ་ཡུལ་གྱི་ཞིང་ལས་ལྷན་ཁང་གིས་གཞུང་འབྲེལ་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་བྱང་བརྒྱུད་རྫོང་ཁག་བཞིའི་ས་ཆར་སིམ་འཛུལ་བྱེད་བཞིན་པའི་གནད་དོན་བརྒྱུད་བསྒྲགས་བྱས་པ་དང་བསྟུན། བལ་ཡུལ་གྱི་རྒྱལ་སའི་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ལས་འགུལ་བས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འདྲ་པར་མེར་སྲེག་བཏང་བ་དང་། བལ་ཡུལ་མངའ་ཁོངས་ནས་རྒྱ་ནག་གིས་ཕྱིར་འཐེན་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད། ཡིན་ནའང་བལ་ཡུལ་གཞུང་གིས་བསྟུན་མཁས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་བརྡ་ལན་དམིགས་བསལ་གང་ཡང་སྤྲད་མེད་པ་རེད།

སྤྱིར་བལ་ཡུལ་ནི་འཛམ་གླིང་གི་རྒྱལ་ཁབ་སྐྱོ་ཤོས་གྲས་ཤིག་ཡིན་པ་དང་། འདས་པའི་ལོ་རྒྱུས་ནང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་རྒྱབ་རྟེན་ཤུགས་ཆེན་བྱེད་ཀྱི་ཡོད་ནའང་། འདས་པའི་ལོ་ཤས་རིང་བལ་ཡུལ་གྱི་རྒྱལ་བརྒྱུད་སྲིད་འཛིན་ལམ་ལུགས་མགོ་རྟིང་སློག་ཏེ་དམར་ཤོག་ཚོགས་པས་མུ་མཐུད་འཛིན་སྐྱོང་བྱས་པ་དང་། རྒྱ་ནག་གཞུང་ཕྱོགས་སུ་འབྲེལ་ལམ་ཤུགས་ཆེར་བཏང་སྟེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱལ་ཡོངས་ཀྱི་འཛུགས་སྐྲུན་དང་མ་འཛུགས་སོགས་རྒྱ་ནག་གཞུང་ལ་ཤུགས་ཆེན་བརྟེན་གྱི་ཡོད་སྟབས། ད་ལྟ་རྒྱ་གཞུང་གིས་བལ་ཡུལ་གྱི་འཛིན་སྐྱོང་ནང་ཐད་ཀར་ལག་པ་འཆིང་ནས་ཚོད་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༠༤

Leave a Reply

One thought on “བལ་ཡུལ་ནི་རྒྱ་ནག་གི་མངའ་སྡེ་ཞིག་ལྟ་བུ་མཐོང་གི་འདུག