ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་འཁྲུངས་སྐར་དང་རིན་པོ་མཆོག་གི་གསུང་བཤད་དང་གསུང་རྩོམ་གལ་ཆེ་ཁག་ཕྱོགས་བསྡུས་ཀྱི་དེབ་ཕྲེང་བརྒྱད་པ་དབུ་འབྱེད་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འཚེ་མེད་ཞི་བའི་ཚོགས་ཁང་དུ། རྒྱུད་སྟོད་གྲྭ་ཚང་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ཀྱིས་ཟུང་སྦྲེལ་ཐོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། སྐུ་མགྲོན་གྱི་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་དང་དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས། ལྷ་སྐྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་རྡོ་རྗེ་སྐྱིད་ལགས། དེ་བཞིན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་དང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་བཅས་ཕེབས་འདུག་ལ། ཟམ་གདོང་རིན་པོ་མཆོག་གི་གསུང་བཤད་དང་གསུང་རྩོམ་གལ་ཆེ་ཁག་ཕྱོགས་བསྡུས་ཀྱི་དེབ་ཕྲེང་བརྒྱད་པ་དབུ་འབྱེད་འགྲེམ་སྤེལ་གནང་སོང་།

མཛད་སྒོའི་ཐོག་མར་རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་དང་དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས། རྩ་བས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་ཕྱོགས་ཡོངས་ཀྱི་ཆ་ནས་གཞི་རྒྱ་ཆེ་བ་རྒྱས་པོ་དེ་འདྲ་ཞིག་འཚོགས་དགོས་པའི་གནས་སྟངས་ཤིག་ཡིན་ནའང་། དེང་སྐབས་ཀྱི་གནས་བབ་དེའི་རྐྱེན་གྱིས་དེ་འདྲ་ཞིག་མེད་སྟབས། ས་བཅད་མ་སྟོང་ཙམ་གྱི་འཁྲུངས་སྐར་གྱི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་དང་། ཁོང་གི་འཁྲུངས་སྐར་སྲུང་གཙི་ཞུ་སྐབས་གལ་ཆེ་ཤོས་དེ་འཇིག་རྟེན་སྤྱི་སྲོལ་ཙམ་མ་ཡིན་པར་བདག་ཉིད་ཆེན་པོ་དེ་དག་གི་འཁྲུངས་སྐར་སྲུང་གཙི་བྱེད་ཕྱོགས་ཀྱི་ནང་དུ་སྐུ་ཕྲེང་རིམ་པ་བརྒྱུད་ནས་ཡོང་བ་ཡིན་ན་སྐུ་ཕྲེང་རིམ་བྱོན་དང་། ལྷག་པར་དུ་ད་ལྟའི་སྐུ་ཐོག་གི་མཛད་པ་རྣམ་ཐར་དེ་ཚོ་རྗེས་དྲན་བྱས་ཏེ་འཁྲུངས་སྐར་སྲུང་གཙི་བྱེད་དགོས་པ་ཞིག་སྐོར་གསུངས་བྱུང་།དེ་བཞིན་ཁོང་གིས། བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་༧གོང་ས་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་ངལ་བ་བརྒྱ་ཕྲག་དུ་མས་ཆོས་སྲིད་གཉིས་ཐད་ནས་མཛད་རྗེས་རྨད་དུ་བྱུང་བ་བསྐྱངས་ཏེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཡོད་པ་ནི། རིན་པོ་ཆེ་དགུང་གྲངས་ ༨༠ ཕེབས་སྐབས། ༧གོང་ས་མཆོག་ནས་བཀའ་རྩོམ་གནང་པའི་ཞབས་བརྟན་གསོལ་འདེབས་ལས་རྟོགས་ནུས་པ་དང་། ཞབས་བརྟན་གསོལ་འདེབས་དེའི་གསལ་བཤད་ནང་། རང་ཉིད་ནས་ཀྱང་རིན་པོ་ཆེ་རྒྱ་གར་དུ་ཐོག་མར་ཕེབས་དུས་ཙམ་ནས་ངོ་ཤེས་པ་དང་། སྐབས་དེ་ནས་ངོས་ཀྱིས་བོད་བསྟན་སྲིད་ཆེད་གང་བསྒོ་བར་ཤར་བསྐྱོད་དང་། ལུས་ངག་ཡིད་གསུམ་ངོས་ཀྱིས་ཅི་ཟེར་ལ་བཏང་ནས་བོད་ཀྱི་བསྟན་འགྲོའི་བདེ་ཐབས་ལ་དཀའ་བ་དུ་མ་སྤྱད་ཡོད་ཅིང་། ད་དུང་ཡང་ལོ་ན་བགྲེས་རུང་ངོས་ཀྱི་ཉེ་འཁྲིས་སུ་གང་ཅིར་འགན་བཞེས་བཞིན་ཡོད་པས་རིན་པོ་ཆེ་རིང་འཚོའི་སྨོན་ཚིག་འདི་ལྟ་བུ་ཞིག་འབྲི་འདུན་གྱིས་ཀུན་ནས་བསླངས། ཞེས་པ་ལས་རྟོགས་ཐུབ་སྐོར་གསུངས་བྱུང་།

དེའི་རྗེས་སྐུ་མགྲོན་གྱི་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་སྟེ། དེའི་འཛིན་སྐྱོང་སོགས་རྒྱལ་སྤྱིའི་ཐོག་གྲགས་ཆེ་བ་ཞིག་ཏུ་བསྒྱུར་ཡོད་པ་དང་། གྲོས་ཚོགས་འཐུས་མི་གནང་རིང་གྲོས་ཚོགས་སྤྱིའི་འགྲོ་ལུགས་གཏན་འབེབ་དང་བོད་ཀྱི་བཅའ་ཁྲིམས་གཏན་འབེབ་ཚོགས་ཆུང་ནང་ཞུགས་ཏེ། བོད་ཀྱི་ཚོགས་སྡེ་ཁག་ཁྲིམས་དང་མཐུན་པ་ཞིག་བཟོས་གནང་ཡོད་པ། དེ་བཞིན་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་སྐབས་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབ་དང་དབུ་མའི་ལམ་གཞིར་བཞག་ཐོག་བོད་རྒྱ་འབྲེལ་མོལ་ཐུབ་པ་བྱུང་སྟེ། བོད་མིའི་དགོས་འདུན་ཕྱི་གསལ་ནང་གསལ་གྱིས་ཡི་གེར་བཀོད་དེ་རྒྱ་ནག་གཞུང་ཕྱོགས་ལ་སྤྲོད་ཐུབ་ཡོད་པ། དེ་བཞིན་བོད་མིའི་གཞིས་ཆགས་ཁག་ཏུ་སྐྱེས་ལྡན་སོ་ནམ་ཞིང་ལས་ཀྱི་ཕུགས་རྒྱང་རིང་བའི་ལས་གཞི་སྤེལ་ཡོད་པ་དང་། འཕྲོད་བསྟེན་དང་འབྲེལ་ནས་མ་དང་བྱིས་པའི་ལས་གཞི་མགོ་བཙུགས་པ་སོགས་ལ་བརྟེན། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆབ་སྲིད་དང་དཔལ་འབྱོར། འཕྲོད་བསྟེན་དང་ཤེས་ཡོན་སོགས་བོད་སྤྱིའི་ལས་དོན་ཐོག་རླབས་ཆེན་ཀྱི་ཕྱག་ལས་གནང་ཡོད་པ་ཞིག་ལ་ཁོང་གིས་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་བྱུང་།དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཕྱག་དེབ་དང་འབྲེལ་ནས་ཁོང་གིས། དེ་སྔ་པོད་བདུན་པར་བསྐྲུན་གནང་ཚར་ཡོད་པ་དང་། ད་ལན་རིན་པོ་ཆེ་མཆོག་གི་གསུང་རྩོམ་བོད་སྐད་ཐོག་ཏུ་གསུངས་པ་ཕྱོགས་བསྡུས་གནང་སྟེ་པར་བསྐྲུན་ཞུས་འདུག་པ་དེ་མ་འོངས་པའི་མི་རབས་རྣམས་ལ་ཐུགས་ཕན་ཡོང་བའི་ལས་འགན་བཟང་པོ་ཞིག་གནང་འདུག  དེ་ནི་བོད་མི་ཙམ་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་དང་ལྷག་པར་དུ་ཉམས་ཞིབ་གནང་མཁན་ཚོ་ལ་ཐུགས་ཕན་གསོ་བ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཡིན་ནའང་། པར་བསྐྲུན་གནང་ཚར་བ་ཙམ་མ་ཡིན་པར་གསུང་བཤད་ཁག་ནང་གསུངས་ཡོད་པའི་ནང་དོན་དང་ལྷག་པར་དུ་རིན་པོ་ཆེ་མཆོག་གི་གསུང་ལ་སློབ་སྦྱོང་གནང་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག ཅེས་དང་། མང་པོ་ཞིག་གིས་རིན་པོ་ཆེ་མཆོག་གི་གསུང་གང་ཐུབ་ཁྱབ་སྤེལ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་ལ། བོད་སྐད་ནང་གི་གསུང་མང་པོ་ཞིག་ཕྱོགས་སྒྲིག་གནང་སྟེ་པར་བསྐྲུན་ཞུས་ཡོད་པ་རེད། ཡིན་ནའང་བོད་སྐད་མི་ཤེས་མཁན་དང་བོད་ཡིག་ཀློག་མི་ཤེས་མཁན། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན། དོན་གཉེར་གནང་འདོད་ཡོད་མཁན་དང་སློབ་སྦྱོང་གནང་འདོད་ཡོད་མཁན་དེ་ཚོ་ལའང་རིན་པོ་ཆེ་མཆོག་གི་གསུང་ལ་འཆད་ཉན་དང་སློབ་གཉེར་གནང་བའི་གོ་སྐབས་འབུལ་དགོས་པ་གལ་ཆེན་པོ་རེད། དེ་བས་རིན་པོ་ཆེ་མཆོག་གི་གསུང་ཕལ་ཆེ་བ་བོད་སྐད་ནང་དུ་ཡོད་ནའང་། དབྱིན་སྐད་དང་ཧིན་སྐད་དུ་གསུངས་པ་མང་པོ་ཞིག་ཡོད་སྟབས། དེ་ཚོའང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་རྒྱུད་སྟོད་གྲྭ་ཚང་། མི་སྒེར་སོགས་ནས་པར་བསྐྲུན་གནང་ཐུབ་ཚེ་ཐུགས་ཕན་གསོ་བ་ཞིག་ཡོང་བ་དྲན་གྱི་འདུག ཅེས་གསུངས་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༠༥

Leave a Reply

One thought on “ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས།

  1. རིན་པོ་ཆེ་དགུང་གྲངས་ ༨༠ ཕེབས་སྐབས། ༧གོང་ས་མཆོག་ནས་བཀའ་རྩོམ་གནང་པའི་ཞབས་བརྟན་གསོལ་འདེབས་ལས།རང་ཉིད་ནས་ཀྱང་རིན་པོ་ཆེ་རྒྱ་གར་དུ་ཐོག་མར་ཕེབས་དུས་ཙམ་ནས་ངོ་ཤེས་པ་དང་། སྐབས་དེ་ནས་ངོས་ཀྱིས་བོད་བསྟན་སྲིད་ཆེད་གང་བསྒོ་བར་ཤར་བསྐྱོད་དང་། ལུས་ངག་ཡིད་གསུམ་ངོས་ཀྱིས་ཅི་ཟེར་ལ་བཏང་ནས་བོད་ཀྱི་བསྟན་འགྲོའི་བདེ་ཐབས་ལ་དཀའ་བ་དུ་མ་སྤྱད་ཡོད་ཅིང་། ད་དུང་ཡང་ལོ་ན་བགྲེས་རུང་ངོས་ཀྱི་ཉེ་འཁྲིས་སུ་གང་ཅིར་འགན་བཞེས་བཞིན་ཡོད་པས་རིན་པོ་ཆེ་རིང་འཚོའི་སྨོན་ཚིག་འདི་ལྟ་བུ་ཞིག་འབྲི་འདུན་གྱིས་ཀུན་ནས་བསླངས། ཞེས་གསུངས།