ཆོས་ཀྱི་དད་པ་ཟེར་བ་དེ་དྲག་རྩུབ་ཀྱི་ཐོག་ནས་མེད་པར་བཟོ་ཐུབ་རྒྱུ་མེད་པ་རེད།

ཨུ་རུ་སུའི་ནང་དེ་སྔ་་ནང་ཆོས་ལ་དམ་དྲག་ཆེན་པོ་བྱས་ཏེ་དགོན་པ་དང་ལྷ་ཁང་གཏོར་ཡོད་པ་དང་བོད་ནང་དུའང་རྒྱ་ནག་གཞུང་གིས་ནང་ཆོས་ལ་དམ་དྲག་བྱས་ཡོད་ཀྱང་ནང་སེམས་ཀྱི་དད་པ་དེ་གཏོར་ཐུབ་མེད་པའི་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གྲངས་ ༣ རིང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུང་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། བཀའ་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས། སོག་པོའི་ནང་གསར་བརྗེ་ལངས་ཏེ་ནང་ཆོས་ལ་དམ་དྲག་ཆེན་པོ་བྱུང་བ་ལྟར། ཕྱིས་སུ་བོད་ལའང་རྒྱ་ནག་གུང་ཁྲན་ཏང་གིས་དམ་དྲག་བྱས་ཏེ་མཁས་པའི་དབང་པོ་མང་པོ་སྲོག་ཐོག་བཏང་ཡོད་སྐོར་དང་། ཆོས་ཀྱི་དད་པ་ཟེར་བ་དེ་དྲག་རྩུབ་ཀྱི་ཐོག་ནས་མེད་པོ་བཟོ་ཐབས་མེད་སྐོར་གསུངས་སོང་།

དེ་ཡང་བཀའ་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས། ཨུ་རུ་སུའི་མངའ་སྡེ་ཁག་གི་ཆོས་ཚོགས་ལ་དེ་རིང་འཁྱུག་ཙམ་བརྙན་འཕྲིན་བརྒྱུད་ཐུག་རྒྱུ་བྱུང་བ་རེད། ང་ཡང་དགའ་པོ་ཞེ་དྲགས་བྱུང་། ཨུ་རུ་སུའི་མངའ་སྡེ་ཁལ་མུག་ (Kalmykia) དང་། བྷུར་ཡ་ཏི་ (Buryat)། དེ་བཞིན་ཐུ་བ་ (Tuva) དེ་ཚོ་ང་ཚོ་དང་མི་རབས་མང་པོའི་འབྲེལ་བ་ཡོད་པ་རེད། ལྔ་བཅུ་ང་དགུའི་ཟིང་འཁྲུག་ལངས་པའི་ཁ་ཐུག་དེར་ངས་གྲྭ་སྐོར་དམ་བཅའ་བཞག་པ་རེད། དེ་དུས་ངས་རྟགས་གསལ་གཏོང་སའི་ནང་ལ་སོག་པོ་བྷུར་ཡ་དང་ཁལ་མུག་པ། ཐུ་བའི་དགེ་བཤེས་མང་པོ་ཡོད། དེ་ནས་གདན་སའི་མཁན་པོའི་ནང་ཆ་བཞག་ནའང་སྒོ་མང་མཁན་པོ་ངག་དབང་ལེགས་ལྡན་ལགས་བྷུར་ཡ་ཏི་རེད། དེ་བཞིན་སོག་པོ་ཐུབ་བསྟན་ཉི་མ་ཕལ་ཆེར་བྷུར་ཡ་ཏི་ཡིན་པ་ཡོད། དེ་ནས་དགེ་བཤེས་ཡང་དག་ཟེར་བ་ཞིག་ཡོད། དེ་ཐུ་བ་ནས་རེད། ཨུ་རུ་སུའི་སྐད་ཡག་པོ་ཡོད་རེད་ཟེར། དེ་དང་དེས་མཚོན་པའི་གང་ལྟར་མི་ཐོག་འདིར་ཆ་བཞག་ནའང། སོག་པོ་ཁལ་མུག་སོགས་ནས་གང་ལྟར་སོག་པོའི་གྲྭ་རྒྱུན་མང་པོ་ཞིག་བོད་ལ་སློབ་སྦྱོང་བྱས་ནས་དགེ་བཤེས་ཨང་ཀི་དང་པོ་ཆགས་བསྡད་པ་དེ་འདྲ་གང་ལ་གང་འཚམ་ཡོད་རེད། དེ་འདྲ་ཡིན་དུས་གང་ལྟར་ང་ཚོས་ཨུ་རུ་སུའི་ཁོངས་གཏོགས་སོག་པོ་དང་ནང་སོག་བཅས་ལ་གཅིག་གྱུར་གྱིས་སོག་པོ་ཞེས་བཤད་ཀྱི་ཡོད་པ་རེད། དཔེར་ན་ངའི་མཚན་ཞབས་ནང་ནས་རྒན་དངོས་གྲུབ་ཚོགས་གཉིས་ལ་ཆ་བཞག་ན། ནང་སོག་ནས་རེད། སོག་པོ་ཨ་བྷག་ཟེར་ས་ནས་རེད། མཁས་པའི་དབང་པོ་རེད། ང་ལ་སྟོང་ཉིད་སྐོར་ནས་ངོ་སྤྲོད་དང་འགྲེལ་བཤད་རྒྱག་མཁན་ཐོག་མ་ཁོང་རེད། ང་ཚོ་བོད་དང་སོག་རིགས་ཁག་དེ་དག་མི་རབས་མང་པོའི་འབྲེལ་བ་ཡོད་བསྡད་པ་ཞིག་རེད། དེ་ནས་བར་སྐབས་སོག་པོའི་གསར་བརྗེ་ལངས་ནས་ནང་པའི་ཆོས་ལ་དམ་དྲག་ཞེ་པོ་བྱས་པ་རེད། དེའི་གཞུག་གུར་བོད་ལ་ཆ་བཞག་ནའང་ལྔ་བཅུ་ང་དགུའི་རྗེས་ནས་རྒྱ་ནག་གུང་ཁྲན་ཏང་གིས་ནང་ཆོས་ཀྱི་ཐོག་ལ་དམ་དྲག་ཞེ་པོ་བྱས་པ་རེད། མཁས་པའི་དབང་པོ་མང་པོ་ཁྲིམས་ལ་སྦྱར་ནས་ཕལ་ཆེར་དམར་གསོད་བཏང་བ་དེ་འདྲ་བྱུང་བ་རེད། དཔེར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་དེ་ཡིན་པ་ཡོད། ཁོང་ལ་དགེ་ཕྲུག་མང་པོ་ཡོད་པ་དེ་ཁྲིམས་འགལ་རེད་ཟེར་ནས། དམ་དྲག་བྱས་ཏེ་མཐའ་མར་སྲོག་ཐོག་བཏང་བ་རེད། སྲོག་ཐོག་བཏང་བའི་ཁ་ཐུག་དེར་ཁོང་གིས་ང་ལ་སྨོན་ལམ་ཞིག་བརྒྱབ་ཏུ་འཇུག་རོགས་ཟེར་ནས། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་པའི་བླ་མ་མཆོད་པའི་ཚིག་དེ་གསུངས་རྗེས་ད་གསོད་ཤོག་གསུངས་པ་རེད།  དེར་བརྟེན་བོད་ལ་ཆ་བཞག་ན་མཁས་པའི་དབང་པོ་ཉམས་ལེན་པ་མང་པོ་སྲོག་ཐོག་བཏང་བ་བྱུང་བ་རེད། དེ་སྔ་སོག་ཡུལ་ལ་གསར་བརྗེ་ལངས་བ་ཇི་བཞིན་གཞུག་གུ་བོད་ལ་དེ་ལྟར་བྱུང་བ་རེད། ཅེས་གསུངས།ཡང་༧གོང་ས་མཆོག་གིས། སྤྱིར་ཆོས་ཀྱི་དད་པ་ཟེར་བ་དེ་དྲག་རྩུབ་ཀྱི་ཐོག་ནས་མེད་པར་བཟོ་ཐུབ་རྒྱུ་ཡོད་པ་མ་རེད། དེའི་རྒྱུ་མཚན་གང་རེད་ཟེར་ན། ང་ཚོ་ཚོར་བ་ཡོད་མཁན་འབུ་སྲིན་བྱ་རི་དྭགས་དུད་འགྲོ་བཅས་པ་ཚང་མར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ངང་གིས་ཡོད་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ཚང་མ་ལ་ཡོད་རེད། མི་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་ཀྱིས་ཡོད་པའི་ཐོག་ལ། དུད་འགྲོ་དང་མི་འདྲ་བར་མི་ལ་ཆོས་རབ་ཏུ་ཕྱེས་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་བསམ་བློ་གཏོང་རྒྱུ་ཡོད་པ་རེད། དེ་འདྲའི་ཐོག་ནས་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་བདེ་བ་མང་དུ་གཏོང་རྒྱུའི་དོན་དུ་བསམ་བློར་འགྱུར་བ་བཏང་ནས། བདེ་བ་སྒྲུབ་རྒྱུ་དང་སྡུག་བསལ་སེལ་རྒྱུའི་ཐབས་ཤེས་བྱས་པ་རེད། དེར་བརྟེན་མིའི་སྤྱི་ཚོགས་ལ་ཆོས་ཞེས་པ་དེ་དར་བ་རེད། ཡེ་ཤུ་དང་ཁ་ཆེའི་ཆོས་དེ་དཀོན་མཆོག་ལ་གསོལ་བ་འདེབས། དཀོན་མཆོག་འཇིག་རྟེན་བཀོད་པ་པོར་འདོད། ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། དེར་བརྟེན་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་མཁྱེན་ཟེར་ནས་སེམས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་། སེམས་ལ་ཞི་བདེ་ཡོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་བྱུང་བ་རེད། དེ་ཡང་བསྟན་པ་སྔ་དར་དང་ཕྱི་དར་ཞེས་ལབ་ཐུབ་ཀྱི་རེད། བསྟན་པ་སྔ་དར་དེ་པཱ་ལིའི་སྐད་ཐོག་ནས་ཡོང་བསྡད་པ་ཞིག་དང་། ཕྱི་དར་དེ་ན་ལེནྜ་གཙུག་ལག་ཁང་ནང་མཁས་པས་སློབ་སྦྱོང་བྱས་ཏེ། རིགས་ལམ་གྱི་ཐོག་ནས་ནང་ཆོས་ངོ་སྤྲོད་བྱ་རྒྱུ་ཆགས་པ་རེད། རིགས་ལམ་གྱི་ཐོག་ནས་ངོ་སྤྲོད་བྱས་དུས་ལྟ་གྲུབ་དེ་དག་ཐོན་གྱི་ཡོད་པ་རེད། དེ་ཕྱི་དར་ལྟ་བུ་ལབ་ཐུབ་ཀྱི་རེད། ང་ཚོ་བོད་དང་སོག་པོ་ལ་ན་ལེནྜའི་ཆོས་བརྒྱུད་དེ་ཆགས་བསྡད་ཡོད་རེད། དེར་བརྟེན་ན་ལེནྜའི་ཆོས་བརྒྱུད་དེ་རིགས་པའི་ཐོག་ནས་བསམ་བློ་དང་དཔྱད་པ་བྱ་རྒྱུ་ཞིག་དང་། མདོར་ན་སངས་རྒྱས་རང་གི་བཀའ་ཡིན་ནའང། རིགས་པས་དཔྱད་ཡོང་དུས་ཏོག་ཙམ་མ་བདེ་བ་ཡོད་པའི་རིགས་ལ་དགག་པ་བརྒྱབ་ཡོད་པ་རེད། བཅོམ་ལྡན་འདས་ཁོང་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ལ་གུས་ཕྱིར་མིན། །ཞེས་གསུངས་ཡོད་པ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས།  ཕྱི་ལོ་ ༡༩༦༠ ཙམ་ལ་ང་ཨུ་རུ་སུ་ལ་བསླེབས་རྗེས་སོག་ཡུལ་ལ་བསླེབས་པ་རེད། དེ་དུས་ང་སོག་ཡུལ་དུ་སླེབས་པའི་ཁ་ཐུག་དེར། སོག་པོ་དགའ་ལྡན་དགོན་པར་སོག་པོ་བླ་རྒན་དེ་འདྲ་གང་འཚམ་འདུག ཁོང་རང་ཚོས་ཞེ་པོ་དགའ་ཞེན་བྱས་ཏེ་ང་བཞུགས་ཁྲི་སྒང་ལ་སྡོད་སྐབས། ཁོ་ཚོས་སོག་སྐད་ཐོག་བརྟན་བཞུགས་ཤིག་བཏོན་ཏེ་མང་པོས་མིག་ཆུ་བཏང་བྱུང་། ང་རང་ཡང་བཞུགས་ཁྲི་སྒང་ལ་བསྡད་ནས་སེམས་པ་སྐྱོ་བོ་ཞེ་དྲགས་བྱུང་། སྔ་མོ་ནང་པའི་ཆོས་ཞེ་དྲགས་དར་བ་རེད། བར་སྐབས་ཉམས་པ་རེད། ཡིན་ནའང་། ཆོས་ཞེས་པ་དེ་སེམས་ཀྱི་ནང་ལ་ཡོད་དུས། ཕྱི་ལོགས་ཀྱི་དགོན་པ་དང་ལྷ་ཁང་གཏོར་བ་དེ་འདྲ་བྱུང་ཡོད་རེད་དེ། ནང་སེམས་ཀྱི་དད་པ་དེ་གཏོར་ཐུབ་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་གང་ལྟར་སོག་པོ་བླ་རྒན་དེ་ཚོས་དགའ་མོས་ཞེ་དྲགས་བྱས་སོང་། ང་རང་ཡང་མིག་ཆུ་ཤོར་བྱུང་། ཞེས་གསུངས་སོང་།

བཀའ་ཆོས་གྲུབ་རྗེས་དྲི་བ་དྲིས་ལན་གྱི་སྐབས་ཆོས་ཞུ་བ་ཞིག་གིས་སྤྱོད་འཇུག་ནང་གསུངས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཟེར་བའི་སྐོར་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་གིས། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་ཕྱིན་སྡུག་བསྔལ་གྱི་རང་བཞིན་ཡིན་པས་། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མི་དུང་ཕྱུར་བདུན་ཅུ་ལྷག་གི་འཚོ་བར་དཀའ་ངལ་འཕྲད་པའི་སྐབས་སུ། སྡུག་བསྔལ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས། ནད་ཡམས་ལྟ་བུའི་སྡུག་བསྔལ་དེ་སེལ་ཐུབ་མིན་བལྟས་ནས་སེལ་ཐུབ་རྒྱུ་ཡོད་ན། དཔེར་ན། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་པའི་ཚིགས་བཅད་དང་འབྲེལ་ནས་ནད་ཡམས་དེ་ལ་སེམས་མ་ཞུམ་པའི་ཐོག་ནས་སེལ་རྒྱུའི་འབད་བརྩོན་བྱ་དགོས་པ་ལས་ནད་ཡམས་དེ་སེལ་མི་ཐུབ་ན་དེ་ལ་སེམས་མ་སྐྱིད་པ་བྱས་ཀྱང་ཕན་གྱི་མེད་པའི་སྐོར་གསུངས་སོང་།

ཉེ་སྔོན་ཧྥ་རན་སིའི་ནང་དྲག་སྤྱོད་ཀྱི་དོན་རྐྱེན་རིམ་པ་བྱུང་བའི་གནད་དོན་སྐོར་གྱི་བཀའ་འདྲིར་༧གོང་ས་མཆོག་གིས། དེ་ནི་འཕྲལ་སེལ་གྱི་རྐྱེན་ཞིག་གིས་བཟོས་པའི་དཀའ་ངལ་ཆུང་ཚགས་རིགས་ཤིག་ཡིན་པ་ལས། དེ་ལ་ང་ཚོས་སྒྲོ་བཏགས་ནས་གནས་ཚུལ་ཆེན་པོ་བཟོས་ཏེ་ཁ་ཆེ་ཡོངས་རྫོགས་དེ་འདྲ་རེད་སྙམ་པའི་བསམ་བློ་གཏོང་སྟངས་དེ་ནོར་འཁྲུལ་ཞིག་ཡིན་སྐོར་བཀའ་ལན་སྩལ་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༠༥

Leave a Reply