མི་མང་གཞུང་གི་ཁང་པ་གསར་པའི་ནང་སྤོ་བར་ཞེད་སྣང་བྱེད་ཀྱི་འདུག

བོད་ནང་གི་ས་གནས་ཁག་གསུམ་ནང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞིའི་འོག་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་གཞུང་གིས་འཕྲོག་འགྲོ་ཡི་འདུག རྒྱ་ནག་གཞུང་གིས་དབུལ་སྒྲོལ་དགག་སྒྲོལ་གྱི་མིང་ཐོག་ནས་བོད་ནང་གི་ཞིང་འབྲོག་མང་ཚོགས་རྣམས་བཙན་གྱིས་རྫོང་དང་ཁུལ་སོགས་ཀྱི་གྲོང་ཁྱེར་ཁག་གི་ཉེ་འཁྲིས་སུ་གནས་སྤོ་རུ་བཅུག་སྟེ། དེང་རབས་ཅན་དང་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་ལྟར། བོད་ནང་གི་ས་གནས་ཁག་གསུམ་ནང་ཞིང་འབྲོག་མང་ཚོགས་བཙན་གྱིས་གནས་སྤོ་རུ་བཅུག་སྟེ། མང་ཚོགས་ཀྱིས་རང་གི་ཕ་མེས་ནས་བདག་ཏུ་བཟུང་བའི་ས་ཆ་རྣམས་གཞུང་གིས་འཕྲོག་འགྲོ་ཡི་ཡོད་པའི་གནས་ཚུལ་མཁོ་སྤྲོད་གནང་བྱུང་།

འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར་བོད་ནང་གི་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ལོ་ ༢༠༡༩ ལོ་ནས་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གཅན་ཚ་ཐང་གི་ཁོངས་གཏོགས་སྣང་ར་ཕྱོགས་ཀྱི་གླེ་གཞུག་སྡེ་བའི་དུད་ཁྱིམ་ ༦༠ ལྷག་རྫོང་ཐོག་ནས་རྒྱང་ཐག་སྤྱི་ལེ་བཅུ་ལྷག་ཡོད་སའི་རྨ་ཆུའི་ཕར་ཕྱོགས་ཀྱི་ཏ་ར་ཁ་ཞེས་པ་དེར་གནས་སྤོ་རུ་འཇུག་གི་ཡོད་པ་དང་། ད་ལྟའི་ཆར་དུད་ཁྱིམ་མང་ཆེ་བ་གནས་སྤོས་ཟིན་ཡོད་པ་མ་ཟད། གོང་རིམ་མགོ་འཁྲིད་ཚོ་གློ་བུར་དུ་གྲོང་ཚོའི་ནང་ལྟ་སྐོར་རུ་ཡོང་ན་སྟོན་རྒྱུའི་ཆེད་དུ་ཉིན་ལྟར་ཁྱིམ་ཚང་རེ་ནས་མི་གཅིག་རེ་ངེས་པར་དུ་རང་ཁྱིམ་ལ་སྡོད་དགོས་པ་བཟོས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། མང་ཚོགས་ཀྱི་ས་ཆ་ཚང་མ་རྒྱལ་ཁབ་ཀྱིས་བདག་པོ་བརྒྱབས་ཏེ་མང་ཚོགས་ཀྱི་ལག་ནས་བཙན་གྱིས་འཕྲོག་ཟིན་པ་རེད། ད་ལྟ་གླེ་གཞུག་སྡེ་བའི་ཁྱིམ་ཚང་རེ་གཉིས་ཤིག་གནས་སྤོར་མ་བྱས་བར་བསྡད་ཡོད་ཀྱང་། ད་ལྟ་རྒྱལ་ཁབ་ཀྱིས་བཙན་དབང་གིས་གནས་སྤོར་དུ་འཇུག་གི་འདུག ཏ་ར་ཁ་ཞེས་པར་མི་ཚང་རེར་སྡོད་ཁང་རེ་བརྒྱབས་ནས་སྤྲོད་ཀྱི་ཡོད་ཀྱང་། ས་ཞིང་དང་ཡང་ན་ཟོག་ལུག་འཚོ་སའི་ས་ཆ་གང་ཡང་མི་འདུག མི་མང་གིས་རྒྱལ་ཁབ་ཀྱིས་ས་ཞིང་རེ་སྤྲོད་རྒྱུ་རེད་ཟེར་ནས་གླེང་སློང་བྱེད་བཞིན་འདུག་ནའང་ད་ལྟ་གང་ཡང་སྤྲོད་ཀྱི་མི་འདུག ཅེས་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཏ་ར་ཁ་ཞེས་པའི་ས་ཆ་དེར་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སའི་ལྗོངས་རྒྱུ་དང་ལྟ་སྐོར་བྱེད་ས་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་།  མ་འོངས་པར་གནས་སྤོར་མང་ཚོགས་ཚོའི་འཚོ་བའི་ཡོངས་འབབ་ཡུལ་སྐོར་བའི་ཞབས་ཞུ་དང་ཚོང་ཙག་ཙིག་ལ་བརྟེན་པ་མ་གཏོགས་ཞིང་ཕྱུགས་ཀྱི་ཡོང་འབབ་ཅི་ཡང་མེད་པ་དང་། གླེ་གཞུག་སྡེ་བ་ནི་ཕྱུགས་ལས་ཁོ་ན་ལ་བརྟེན་ནས་ད་བར་འཚོ་བ་རོལ་ནས་བསྡད་ཡོད་ཀྱང་། ད་ལྟའི་ཆར་སྒོ་ཟོག་སེམས་ཅན་ཚང་མ་བཙོང་ནས་མེད་པར་བཟོས་པ་མ་ཟད། སྡོད་ཁང་ཚང་མ་བཤིག་ནས་ས་སྙོམས་པོ་བཟོས་ནས་བཞག་ཡོད་འདུག

གཞན་ཡང་། འདི་གའི་གསར་འགོད་པར་འབྲེལ་ཡོད་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་དང་ ༢༠༡༩ ལོའི་ལོ་མགོར་རྒྱ་ནག་གཞུང་གིས་སོག་རྫོང་གི་ཉེ་འཁྲིས་སུ་ཁང་པ་མང་པོ་གསར་རྒྱག་བྱས་ཏེ། སོག་རྫོང་འོག་ཏུ་ཡུལ་ཚོ་༨ ཙམ་ཡོད་པའི་ནང་ནས་ཁྲི་རྡོ་ཡུལ་ཚོའི་ཁྲི་རུ་དང་རྡོ་བའི་ཕྱོགས་ཀྱི་དུད་ཁྱིམ་མང་པོ་བཙན་གྱིས་གནས་སྤོར་དུ་བཅུག་ཡོད་པ་དང་། ཁྲི་རུ་དང་རྡོ་བ་ཡུལ་ཚོ་རེ་རེའི་ནང་གྲོང་ཚོ་བཅུ་རེ་དང་། དུད་ཁྱིམ་ཁྱོན་ ༡༠༠༠ ལྷག་ཡོད་པ་དང་། ཁང་པ་གསར་པའི་ནང་དུ་གནས་སྡོད་བོད་མི་ཞིག་གིས། ཁང་པ་ཚང་མ་གཅིག་པ་གཅིག་རྐྱང་ཡིན་སྟབས། ཁང་པའི་ཨང་གྲངས་ལ་མ་བལྟས་ཚེ་སོ་སོའི་ཁང་པ་གང་ཡིན་ནོར་གྱི་འདུག ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པ་ལགས་སུ་གནས་ཚུལ་དེའི་སྐོར་བཀའ་འདྲི་ཞུས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན།  སྤྱིར་ཁྲི་རྡོ་ཡུལ་ཚོ་རུ་ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ཡས་མས་སུ་བོད་རང་བཙན་གྱི་སྦྱར་བྱང་བཀྲམས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་ཁྲི་རྡོ་ཡུལ་ཚོའི་ཁྲི་རུ་དང་རྡོ་བ་གྲོང་ཚོ་གཉིས་ལ་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དེའི་རྗེས་ཁྲི་རུ་གྲོང་ཚོའི་དྲིན་ལྡ་དགོན་པའི་གྲྭ་པ་མང་པོ་འཛིན་བཟུང་དང་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་མི་མང་པོ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་སྟངས་འོག གནས་ཚུལ་ཁ་གསལ་དང་ཕྱིར་སྤེལ་བྱེད་པར་ས་གནས་མང་ཚོགས་ནས་ཞེ་སྣང་བྱེད་ཀྱི་ཡོད་འདུགརྒྱ་ནག་གཞུང་གིས་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་རྣམ་གླིང་རྫོང་ཁོངས་སུའང་ཁང་པ་མང་པོ་གསར་དུ་འཛུགས་སྐྲུན་བྱས་ཏེ་མང་ཚོགས་གནས་སྤོར་དུ་འཇུག་བཞིན་ཡོད་སྟབས། འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། རྣམ་གླིང་རྫོང་གི་ཉེ་འཁྲིས་སུ་རྒྱ་ནག་གཞུང་གིས་ཁང་པ་ཁྱོན་ ༥༠༠ ལྷག་གསར་རྒྱག་བྱས་ཏེ། རྣམ་གླིང་རྫོང་ཁུལ་གྱི་ཁྱིམ་ཚང་དཀའ་ངལ་ཅན་དང་འཚོ་བའི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་རྣམས་ལ་ཁང་པ་རིན་མེད་སྤྲོད་ཀྱི་ཡོད་འདུག་མོད། མི་མང་པོ་ཞིག་གནས་སྤོར་བྱེད་ཀྱི་མི་འདུག རྒྱུ་མཚན་ནི་ཁོ་ཚོའི་ད་ལྟའི་འཚོ་བའི་གནས་སྟངས་ཞན་པོ་ཡིན་ཡང་། གཞུང་གིས་འཛུགས་སྐྲུན་བྱས་པའི་ཁང་པའི་ནང་གནས་སྤོས་ཟིན་རྗེས་སོ་སོར་བདག་པའི་ས་ཆ་གཞུང་ལ་ཤོར་གྱི་ཡོད་པ་དང་། ཁང་པ་གསར་བར་རིན་སྤྲོད་དགོས་སྲིད་པ་སོགས་ཀྱི་དབང་གིས་ཞེ་སྣང་བྱེད་ཀྱི་ཡོད་པ་རེད།  ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཞིང་འབྲོག་མང་ཚོགས་གྲོང་ཁྱེར་ཅན་དུ་བསྒྱུར་བ་ཞེས་པ་དེ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༣ པའི་ཐོག་གླེང་སློང་བྱུང་ཞིང་། ཕྱི་ལོ་ ༡༩༩༣ ལོའི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་ ༥ པ་ཟེར་བའི་སྟེང་ནས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ བར་ཁྱབ་རྒྱ་ཆེན་པོ་ཞེ་དྲགས་བྱུང་མེད་འདུག་ལ། ད་ལྟའི་ཆར་བོད་ས་གང་སར་གྲོང་ཁྱེར་ཅན་དུ་བསྒྱུར་བ་ཞེས་པའི་ལས་གཞིའི་འོག ཞིང་འབྲོག་དུད་ཁྱིམ་སྟོང་ཕྲག་མང་པོས་སྡོད་ཁང་གསར་པའི་ནང་འཚོ་བ་སྐྱིད་པོ་རོལ་གྱི་ཡོད་ཚུལ་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༢༠/༡༡/༠༥

Leave a Reply