ཡ་མཚར་བའི་ཐོག་ནས་བཅོམ་ལྡན་འདས་ཀྱི་ཁྱད་ཆོས་འདོན་དགོས་དོན་ཡོད་པ་མ་རེད།

བཀའ་ཆོས་ཀྱི་ཉིན་གཉིས་པར་༧གོང་ས་མཆོག་གིས་བཞུགས་སྒར་དྷ་སའི་ཉེ་འཁྲིས་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ཨུ་རུ་སུའི་མི་གྲངས་བཅུ་ལྷག་གི་ཆེད་དུ་དམིགས་བཀར་བོད་ཡིག་དང་ནང་ཆོས་ཀྱི་ཐད་ལ་སློབ་འཁྲིད་གོ་སྒྲིག་གནང་རྒྱུ་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཨུ་རུ་སུའི་ཆོས་ཞུ་བ་རྣམས་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གཉིས་པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨུ་རུ་སུའི་མངའ་སྡེ་ཐུ་བའི་དགོན་པ་ཞིག་ལ་མཚན་ཞུས་པར་༧གོང་ས་མཆོག་ནས་དགོན་པའི་མཚན་ལ་ཐུབ་བསྟན་བཤད་སྒྲུབ་གླིང་ཞེས་བཏགས་གནང་བ་དང་འབྲེལ། བཞུགས་སྒར་དྷ་སའི་ཉེ་འཁྲིས་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་། ཨུ་རུ་སུའི་མི་གྲངས་བཅུ་ལྷག་གི་ཆེད་དུ་དམིགས་བཀར་བོད་ཡིག་དང་ནང་ཆོས་ཀྱི་ཐད་ལ་སློབ་འཁྲིད་གོ་སྒྲིག་གནང་རྒྱུ་ཡིན་སྐོར་གསུངས་སོང་།

༧གོང་ས་མཆོག་ནས་བཀའ་ཆོས་ཀྱི་ཐོག་མར་ལྷ་བབས་དུས་ཆེན་དང་འབྲེལ་ནས། བོད་ལ་ཡིན་ན་སང་ཉིན་ལྷ་བབས་དུས་ཆེན་ཞེས་བཤད་ཀྱི་ཡོད་པ་རེད། དེ་ནས་དགོན་པ་ཁ་ཤས་ལ་ལྷ་བབས་ཟེར་རྒྱུ་དེ་སྐས་འཛེགས་ལྟ་བུ་འཛུགས་ཀྱི་འདུག དེ་ཡང་ཀླད་པ་ལྗང་ཁུའི་སྐད་ཆ་རེད་བཞག བཅོམ་ལྡན་འདས་ཁོང་རང་གི་ཡུམ་དེ་ལྷ་ཡུལ་ལ་འཁྲུངས། དེའི་དོན་དུ་ལྷ་ཡུལ་ལ་ཡར་ཕེབས་ནས་ཡུམ་གྱི་དོན་དག་མཛད་དེ་མར་འཛམ་བུ་གླིང་ལ་ཕེབས་རྒྱུ་ཞིག་རེད་འདུག དེ་འདྲའི་སྐས་འཛེགས་བཙུགས་ནས་བསྙབ་རྒྱུ་ཡོད་པ་མ་རེད་ལ། དགོས་པ་ཡང་ཁྱོན་ནས་ཡོད་པ་མ་རེད། དེར་བརྟེན་གང་ལྟར་བཅོམ་ལྡན་འདས་རྫུ་འཕྲུལ་གྱི་ཐོག་ནས་ལྷ་ཡུལ་ལ་ཡར་ཕེབས། དེ་ནས་མར་ཕེབས་རྒྱུ་ཞིག་རེད་མ་གཏོགས་དེ་སྐས་འཛེགས་ལྟ་བུ་འཛུགས་རྒྱུ་མ་རེད། སྔོན་ལ་སུམ་ཅུ་རྩ་གསུམ་བར་དུ་སྐས་འཛེགས་འཛུགས་དགོས་བྱུང་ན། སྐས་འཛེགས་སྐས་རྡང་བྱེ་བ་མང་པོ་ཡོད་པ་ཞིག་བཟོས་དགོས་པ་རེད། ཡོང་རྒྱུ་ཁྱོན་ནས་ཡོད་པ་མ་རེད། གང་ལྟར་དེ་ལྟ་བུའི་ཡ་མཚར་བའི་རྫུ་འཕྲུལ་གྱི་ཐོག་ནས་བཅོམ་ལྡན་འདས་ཀྱི་ཁྱད་ཆོས་འདོན་དགོས་དོན་ཡོད་པ་མ་རེད། ཅེས་གསུངས་སོང་།ཡང་༧གོང་ས་མཆོག་གིས། བཅོམ་ལྡན་འདས་ཁོང་རང་གིས་ངས་གསུངས་བཞག་པ་དེ་ཚོ་ལ་བརྟག་དཔྱད་བྱོས་ཞེས་གསུངས་པ་རེད་ལ། རིམ་པས་པཱ་ལི་ཆོས་བརྒྱུད་ནས་ན་ལེནྜའི་ཆོས་བརྒྱུད་དར། ན་ལེནྜའི་ཆོས་བརྒྱུད་འཛིན་མཁན་དེ་དངོས་གནས་དྲང་གནས་ཧ་ལམ་འཛམ་བུ་གླིང་གི་རིག་པ་ཡག་ཤོས་ཡོད་པའི་མི་ཕལ་ཆེར་ལབ་ཐུབ་ཀྱི་རེད། གང་ལྟར་འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་ན་ལེནྜའི་མཁས་པའི་དབང་པོ་དེ་དག་གིས་བསམ་བློ་བཏང་ནས། བཅོམ་ལྡན་འདས་ཀྱི་བཀའ་དེ་གཞི་ལ་བཞག་ནས་དཔྱད་པ་བྱས་ནས་གསུངས་པ་དག་ཧ་ལས་པ་རེད་འདུག དེ་འདྲ་ཡིན་དུས། ཧོར་གྱི་ཡུལ་ཁག་ཚོ་དང། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་རྣམས་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། དེ་རིང་ཁ་སང་གི་དུས་ཚོད་འདིར། སེམས་མ་དུལ་བའི་དབང་གིས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། སེམས་དུལ་བ་ཞིག་དགོས་ཀྱི་ཡོད་རེད། རྩ་བའི་ཆ་ནས་ཆོས་ཚང་མས་སེམས་འདུལ་རྒྱུའི་ཆ་རྐྱེན་གཙོ་བོ་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས་བཅས་བཤད་ཀྱི་ཡོད་རེད་དེ། སངས་རྒྱས་ཀྱི་ཆོས་དང་། དེའི་ནང་ནས་ཀྱང་ན་ལེནྜའི་མཁས་པའི་དབང་པོ་ཚོས་གསུང་སྟངས་དེ་རིག་པ་རང་གི་ཐོག་ནས་དཔྱད་པ་བྱས་ནས། སྔོན་དང་པོ་དེར་སེམས་ཁམས་རིག་པར་ཞིབ་འཇུག་བྱས་ནས། དེ་ནས་སེམས་ཁམས་རིག་པའི་སེམས་དཀྲུག་མཁན་གྱི་བློ་ག་རེ་ཡིན་པ་དང་། དེའི་འགལ་ཟླ་བློ་ག་རེ་ཡོད་མེད་བཙལ་རྗེས། འགལ་ཟླའི་བློ་དེ་ཡར་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། སེམས་འཁྲུག་པའི་བློ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་རྒྱུ་ཞིག་ཡོད་པ་རེད། ཡང་དེའི་རྩ་བ་ཡར་གཏུག་ཡོང་དུས། རྩ་བའི་སེམས་དེ་སེམས་རང་བཞིན་གྱི་འོད་གསལ་བ་ཞེས་བཤད་ཀྱི་ཡོད་རེད། དྲི་མ་རྣམས་ནི་གློ་བུར་བ་ཞེས་གསུང་གི་འདུག ང་རང་ཚོའི་སེམས་ཀྱི་སྐྱོན་དེ་དག་གློ་བུར་བའི་རྐྱེན་ལ་བརྟེན་ནས་ཡོང་བ་རེད་མ་གཏོགས། སེམས་རང་བཞིན་གྱི་འོད་གསལ་བ་དེར་རང་བཞིན་གྱི་ཡོད་པ་མ་རེད། ཅེས་གསུངས་སོང་།

དེ་བཞིན་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་༧གོང་ས་མཆོག་གིས་ཉིན་ལྟར་སྐར་མ་བཅོ་ལྔའི་རིང་ལ་གོ་ལ་ཡོངས་ཀྱི་སྐྱེ་འགྲོ་ཀུན་གྱི་ནད་ཡམས་ཞི་བའི་ཆེད་དུ་སྒྲོལ་མའི་མཚན་སྔགས་འདོན་གནང་གི་ཡོད་སྐོར་གསུངས་ཏེ། གཞན་ནང་པ་ཡོངས་ནས་ཀྱང་ནད་ཡམས་ཞི་བར་ཉིན་ལྟར་རང་ངོས་ནས་སྒྲོལ་མའི་མཚན་སྔགས་འདོན་དགོས་པའི་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༠༦

Leave a Reply