བོད་མི་ཚོས་མུ་མཐུད་ཁ་རས་གྱོན་པ་དང་རྒྱང་ཐག་འཛིན་དགོས་པའི་ལམ་སྟོན་གནང་འདུག

རྒྱ་གར་དང་བལ་ཡུལ་གཉིས་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་བོད་མི་ཁྱོན་ ༥༠༣ ལ་ཏོག་དབྱིབས་གཉན་རིམས་ན་ཡི་ཡོད་པ་དང་ཟུར་བཀག་འོག་བོད་མི་ ༡༠༥༥ ཡོད་འདུགཁ་སང་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༢ པ་སྤེལ་ཏེ།  འདས་པའི་བདུན་ཕྲག་གཅིག་གི་རིང་། རྒྱ་གར་དང་བལ་ཡུལ་གཉིས་ནང་བོད་མི་གྲངས་ ༨༧ ལ་ཏོག་དབྱིབས་གཉན་རིམས་གསར་དུ་འགོས་ཡོད་པའི་ཁྲོད། ལོ་ན་ཆེ་ཤོས་ནི་ ༩༡ དང་ཆུང་ཤོས་ནི་ལོ་ ༢ ཡིན་འདུག་ལ། བདུན་ཕྲག་གཅིག་དེའི་རིང་ཅོན་ཏ་ར་ས་གནས་སུ་བོད་མི་གཅིག་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སུ་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས། མོན་གྷོ་ནང་ནད་པ་གྲངས་ ༣༤ དང་། ལ་དྭགས་སུ་ནད་པ་གྲངས་ ༢༤། སྦེལ་ཀོབ་ནང་གྲངས་ ༡༥། ལྡི་ལིར་གྲངས་ ༤། ཅོང་ཏ་རའི་ནང་གྲངས་ ༣ ། དྷ་ས་དང་མན་པཱ་ཐི་གཉིས་ལ་གཅིག་རེ། ལྡེ་ར་རྡུན་དུ་ནད་པ་གཅིག་བྱུང་ཡོད་སྐོར་དང་། སྐྱེས་པ་ ༥༧ དང་བུད་མེད་ ༣༠ བྱུང་ཡོད་པའི་ཁྲོད་མི་ ༥༢ ལ་ཅུང་འབྲིང་ཙམ་གྱི་ནད་རྟགས་ཐོན་ཡོད་འདུག་ལ། ལྷག་མ་རྣམས་ལ་ནད་རྟགས་མེད་པའི་ངོས་འཛིན་བྱུང་ཡོད་སྐོར་དང་། ད་ལྟ་མི་གྲངས་ ༡༠༥༥ ཟུར་བཀག་འོག་ཡོད་པའི་ནང་མི་གྲངས་ ༤༢༦ ཁྱིམ་དུ་ཟུར་བཀག་འོག་ཡོད་པ་དང་། གཞན་རྣམས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་སྡོད་གནས་སུ་ཟུར་བཀག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གནས་ཚུལ་ལྟར་ན། གངས་ཅན་སྐྱིད་གཤོངས་ཀྱི་ཉེ་འཁོར་དུ་མི་གྲངས་  ༡༧༡༠ ལ་བརྟག་དཔྱད་བྱས་ཡོད་པ་དང་།  ཟུར་བཀག་ནང་ཡོད་པ་གྲངས་ ༤༦༡༡ ཙམ་དང་རྒས་འཁོགས་གྲངས་ ༨༧༢༥ ཙམ།  དེ་བཞིན་ཏོག་དབྱིབས་གཉན་རིམས་གདོང་ལེན་དང་འབྲེལ་ནས་ལས་དོན་གནང་མཁན་གྲངས་ ༡༨༨༡ ཙམ་གྱི་ལུས་ཟུངས་གསོ་བའི་སླད། གསོ་རིག་ནུས་གསོ་སྨན་རིན་མེད་ཐོག་མཁོ་སྤྲོད་ཞུས་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱེད་པའི་བོད་རིགས་གྲངས་ ༢༨༡༡ ཙམ་ལའང་གསོ་རིག་གི་སྨན་མཁོ་སྤྲོད་ཞུས་པ་སོགས་ཁྱོན་མི་གྲངས་ ༢༡༦༦༨ ཙམ་གྱི་ལུས་ཟུངས་གསོ་སླད་གསོ་རིག་ནུས་གསོ་སྨན་མཁོ་སྤྲོད་ཞུས་ཡོད་འདུགབོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མི་མང་ལ་ལམ་སྟོན་ཁག་ཅིག་གནང་བ་དང་འབྲེལ་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། དེང་སྐབས་རྒྱ་གར་གཞུང་ངོས་ནས་ཕར་འགྲོ་ཚུར་འོང་གི་གནས་སྟངས་ལ་ལྷོད་ཡངས་ཤུགས་ཆེན་བཏང་ཡོད་ནའང་། སྒེར་ངོས་ནས་ནན་ཏན་གྱིས་འགན་འཁུར་དགོས་སྐོར་དང་། ད་ལྟ་གནམ་གཤིས་ལ་འགྱུར་བ་ཐེབས་ཏེ་དགུན་ལ་སླེབས་ཀྱི་ཡོད་པ་དང་འབྲེལ་མང་པོ་ཞིག་ལ་ཆམ་ནད་འབྱུང་བཞིན་ཡོད་པ་དང་། ཆམ་ནད་དང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་གཉིས་ཧ་ཅང་འདྲ་པོ་ཡོད་སྟབས། གལ་སྲིད་དེ་འདྲའི་ནད་རྟགས་ཐོན་ཡོང་ཚེ་སྣང་ཆུང་མི་བྱེད་པར་སྨན་པར་སྟོན་པ་དང་སྨན་ཁང་དུ་འགྲོ་བ། སྒེར་ངོས་ནས་དོ་དམ་བྱ་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་ཁ་རས་མུ་མཐུད་གྱོན་པ་དང་རྒྱང་ཐག་འཛིན་པ། ངེས་པར་དུ་འདུ་འཛོམས་བྱེད་དགོས་པ་ཁག་ལས་འདུ་འཛོམས་མང་མང་མི་བྱེད་པ་སོགས་ཀྱི་ལམ་སྟོན་གནང་འདུག

མཐའ་མཇུག་ཏུ་ཚེ་རིང་མཚམས་གཅོད་ལགས་ཀྱིས། ཏོག་དབྱིགབས་གཉན་རིམས་ཀྱི་ནད་རྟགས་ཐོན་ཚེ་ཛ་དྲག་མ་ཆགས་བར་དུ་མ་སྒུག་པར་གང་མགྱོགས་ས་གནས་ཀྱི་སྨན་པར་བསྟེན་གཏུག་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ་རང་ཉིད་ཀྱི་ནད་གཞི་དྲག་སྐྱེད་ཡོང་བར་མགྱོགས་པ་མ་ཟད། ལས་ཁུངས་དང་ཁྱིམ་ཚང་གཡས་གཡོན་གྱི་མི་ལའང་འགོས་ཁྱབ་ཉུང་བ་ཡོད་སྐོར་གྱི་དྲན་སྐུལ་དང་། ལྷག་པར་དུ་དྷ་ཤོད་ནས་མེག་གྷན་བར་དུ་གླ་འཁོར་ལ་ཧིན་སྒོར་ཉི་ཤུ་སྤྲད་དེ་མི་མང་པོ་འཚང་ཁ་བྱས་ནས་འགྲོ་བ་དེའི་རིགས་ཀྱི་ནང་ཁ་རས་གྱོན་པ་ཡིན་ནའང་མི་མང་པོ་འདུས་ཡོད་སྟབས། ན་ཚ་འགོས་པའི་ཉེན་ཁ་ཆེན་པོ་ཡོད་པས། འགྲུལ་བཞུད་བྱེད་སྐབས་གཟབ་ནན་བྱེད་པའི་རེ་སྐུལ་དང་ལམ་སྟོན་གནང་འདུགདེ་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། རྒྱ་བལ་གཉིས་ཀྱི་བོད་མིའི་ནང་ཁྱོན་ཏོག་དབྱིབས་གཉན་རིམས་ནད་པ་ ༡༠༣༡ ཡི་ཁྲོད་ནས་དྲག་སྐྱེད་བྱུང་བ་ ༥༤༤ དང་། ན་བཞིན་པ་ ༤༦༤ ། འདས་གྲོངས་སུ་ཕྱིན་པ་ ༢༣ བྱུང་ཡོད་པ་དང་། དེ་མིན་གྱི་ཕྱི་རྒྱལ་ཁག་ནས་བོད་མི་ཁྱོན་ ༢༡༣ ལ་ནད་རྟགས་ཐོན་པའི་ཁྲོད་ནས་ ༡༦༥ དྲག་སྐྱེད་བྱུང་བ་དང་། མི་ ༣༩ ན་བཞིན་པ། མི་ ༩ འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༠༩

Leave a Reply