ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས་སྐྱོན་བརྗོད་བསྒྲགས་གཏམ་སྤེལ།

ཧོང་ཀོང་གི་རང་དབང་གསར་འགོད་པ་ཆའོ་ཡཱོག་ལིན་ (Choy Yuk Ling)འཛིན་བཟུང་བྱས་པར་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ་ལྕམ་ཀེ་རི་ལེམ་གྱིས་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་འོག ཧོང་ཀོང་གི་རང་དབང་གསར་འགོད་པ་ཆའོ་ཡཱོག་ལིན་ (Choy Yuk Ling)ཞེས་པ་འཛིན་བཟུང་བྱས་ཡོད་སྟབས། ཁ་སང་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས། ལྕམ་ཀེ་རི་ལེམ་གྱིས་མོ་རང་ཧོང་ཀོང་སྤྱི་ཁྱབ་ཏུ་ལངས་སྐབས། ཧོང་ཀོང་ནང་གི་གསར་འགོད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་དང་རྒྱབ་འགལ་བྱེད་ཀྱིན་ཡོད་པ་དང་། མོའི་སྲིད་གཞུང་གིས་ཧོང་ཀོང་གི་གསར་འགོད་པ་རྣམས་དྲ་ལམ་གྱི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཐོག་མཉམ་ཞུགས་བྱེད་མི་ཆོག་པ་བཟོས་པ་སོགས་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཁུ་རེ་སི་ཡཱོན་ (Chris Yeung) ལགས་ཀྱིས། གསར་འགོད་པ་ཆའོ་ལགས་འཛིན་བཟུང་བྱས་པ་དེས་གསར་འགོད་པའི་ལས་དོན་སྒྲུབ་ཕྱོགས་ལ་ཁྱད་གསོད་གཏོང་གི་ཡོད་པ་མ་ཟད། མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཆོག་པའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་ལ་རྡོག་རོལ་གཏོང་གི་ཡོད་པ་ཞིག་ཆགས་ཡོད། ཅེས་བརྗོད་ཡོད་པ་དང་།  འདས་པའི་ལོ་ཤས་རིང་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་བྱུང་སྐབས་ཉེན་རྟོག་པས་གསར་འགོད་པར་ཐུབ་ཚོད་གཏོང་གི་ཡོད་པ་དང་། ད་ལྟའི་ཆར་ཧོང་ཀོང་གི་གསར་འགོད་པ་ཚོར་གནས་ཚུལ་བསྡུ་ལེན་བྱེད་པའི་རང་དབང་ཉིན་རེ་ནས་ཇེ་ཞན་དུ་འགྲོ་ཡི་ཡོད་སྐོར་བརྗོད་འདུག

ཡང་ཚོགས་གཙོ་ཁུ་རེ་སི་ཡཱོན་ལགས་ཀྱིས། ཧོང་ཀོང་སྲིད་གཞུང་གིས་ཁྲིམས་གསར་ལག་བསྟར་གྱིས་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཀྱི་འདུག ཅེས་བརྗོད་ཡོད་པ་དང་། ད་རེས་ཧོང་ཀོང་སྲིད་གཞུང་གིས་གསར་འགོད་པ་ཆའོ་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༧ པའི་ནང་ཧོང་ཀོང་གི་ལས་འགུལ་བའི་ཐོག་ཁ་རས་གྱོན་པའི་མི་ ༡༠༠ ལྷག་གིས་དབྱུག་པས་གང་བྱུང་དྲག་རྒོལ་བྱས་པའི་གནས་ཚུལ་བསྡུ་སྒྲིག་བྱས་པ་ཁྲིམས་དང་འགལ་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུགཡང་ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཧོང་ཀོང་རང་བཙན་དང་སློབ་ཕྲུག་སྲིད་དོན་ཚོགས་པའི་ཚོགས་གཙོ་ཊོན་ནེ་ཆོན་(Tony Chung)ལགས་འཛིན་བཟུང་བྱས་ཏེ། ཁ་བྲལ་དང་དངུལ་གཡོ་ལེན། དེ་བཞིན་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་འཛུགས་བྱས་ཡོད་པ་དང་། གལ་སྲིད་བདེ་འཇགས་ཁྲིམས་གསར་འོག་ཁོང་ལ་ནག་ཉེས་ཕོག་ཚེ་ཚེ་བཙོན་གྱི་ཉེས་ཆད་ཕོག་སྲིད་ཀྱི་ཡོད་འདུག་ལ། ད་ལྟ་ཧོང་ཀོང་ནང་དམངས་གཙོ་དང་རང་དབང་འཐབ་རྩོད་ཁྲོད་མི་རྣམས་འཛིན་བཟུང་བཙོན་འཇུག་བྱེད་ཆོག་ཆོག་ཡིན་སྟབས། དམངས་གཙོའི་ལས་འགུལ་བ་མང་པོ་ཞིག་འཇིགས་སྣང་འོག་སྡོད་ཀྱི་ཡོད་འདུག

ད་ལྟའི་ཆར་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་རྒྱ་ནག་ནང་ཉིན་ལྔའི་རིང་སྐོར་སྐྱོད་དུ་འགྲོ་ཡི་ཡོད་པ་དང་། དེ་རིང་ཀེ་རི་ལེམ་པེ་ཅིན་དུ་ཡོད་པའི་ཧོང་ཀོང་དང་ཨོ་མན་ཐོག་ལྟ་ཞིབ་བྱེད་མཁན་རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་འཐུས་མི་རྒན་པ་ཧན་ཀྲིན་ (Han Zheng)ཟེར་བར་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཧན་ཀྲིན་ཟེར་བ་དེས། ཀེ་རི་ལེམ་གྱིས་ཧོང་ཀོང་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་གདོང་ལེན་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱས་ཏེ་མངོན་གསལ་ལྡན་པའི་གྲུབ་འབྲས་བླངས་ཡོད་པར་བསྔགས་བརྗོད་དང་སྦྲགས། རྒྱ་ནག་གིས་ཀེ་རི་ལེམ་ནས་ཧོང་ཀོང་ནང་གི་དཀའ་ངལ་ལ་གདོང་ལེན་དང་སྲིད་བྱུས་ལག་བསྟར་བྱེད་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་སྐོར་བརྗོད་འདུགཉེ་སྔོན་ཧོང་ཀོང་ཉེན་རྟོག་པས་མང་ཚོགས་ཁྲོད་གསལ་བརྡ་ཞིག་བཏང་སྟེ། ཧོང་ཀོང་ནང་བདེ་འཇགས་ཁྲིམས་དང་འབྲེལ་བའི་གནས་ཚུལ་ཅི་ཡོད་ཚང་མ་སྐད་འཕྲིན་སོགས་དྲ་ལམ་བརྒྱུད་ཉེན་རྟོག་པར་རྩིས་སྤྲོད་བྱེད་ཆོག་གི་ཡོད་ཅེས་ཡོངས་བསྒྲགས་བྱས་ཡོད་པ་དང་།  ཧོང་ཀོང་གི་ཆར་གདུགས་གསར་བརྗེ་ལས་འགུལ་བ་ཇོ་ཧྲང་ཝང་ལགས་ཀྱིས། གནད་དོན་དེ་ནི་ཧོང་ཀོང་སྲིད་གཞུང་གིས་མི་མང་ནང་ཁུལ་ཕན་ཚུན་བར་འཁྲུག་ཆ་ཐེབས་བཅུག་སྟེ། གཞུང་ལ་ཁ་གཏད་གཅོག་མཁན་གྱི་མི་མང་ལས་འགུལ་བ་འཛིན་བཟུང་བྱེད་ཐབས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་ལག་བསྟར་གྱིས། ཧོང་ཀོང་རང་བཙན་གཙོ་བྱས་པའི་རང་དབང་དང་དམངས་གཙོའི་ལས་འགུལ་མཚམས་འཇོག་བྱེད་དུ་བཅུག་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཞིབ་འཇུག་ཁང་ཁག་གིས་བདེ་འཇགས་ཁྲིམས་གསར་ནི་ཧོང་ཀོང་ནང་གི་སྨྲ་བརྗོད་རང་དབང་བཀག་སྡོམ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༠༦

Leave a Reply