ཅོན་ཏ་ར་སློབ་གྲྭའི་ནང་ཏོག་ནད་ཅན་ ༩༢ བྱུང་ཟེར་བ་བདེན་པ་རེད་མི་འདུག

ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་ཏོག་དབྱིབས་ནད་པ་ ༦ ལས་མེད་པ་དང་ད་ལྟ་དགེ་ལས་སློབ་ཕྲུག་ཡོངས་ཀྱི་གནས་སྟངས་བདེ་པོ་ཡིན་པའི་འགྲེལ་བརྗོད་གནང་སོང་། ཁ་སང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཞིག་ཐོན་པའི་ནང་། བོད་ཕྲུག་ཁྱིམ་སྡེའི་ཅོན་ཏ་ར་སློབ་གྲྭར་ཏོག་དབྱིབས་ནད་པ་ཁྱོན་ ༩༢ བྱུང་སྟེ། མན་ཌིའི་རྫོང་ཁོངས་ཀྱི་ཏོག་དབྱིབས་ནད་པའི་གྲངས་འབོར་མང་ཤོས་ཆགས་ཡོད་པའི་གནས་ཚུལ་བསྒྲགས་འདུག་པར་བརྟེན། དེ་རིང་འདི་གའི་གསར་འགོད་པས་ཁང་པར་བརྒྱུད་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིའི་པ་སངས་ཚེ་རིང་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། གནས་ཚུལ་དེ་ནི་བདེན་པ་མིན་པ་དང་དཀྲོག་གཏམ་ཡིན་པས་སློབ་གྲྭའི་ངོས་ནས་གནས་ཚུལ་སྤེལ་མཁན་གྱི་འབྲེལ་ཡོད་གསར་ཁང་ཁག་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་ཕྱིར་འཐེན་དང་བཟོ་བཅོས་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བརྗོད་སོང་།

འདི་གའི་གསར་འགོད་པར་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། དཀྲོག་གཏམ་གྱི་གནས་ཚུལ་དེ་འདྲ་ཞིག་ཁྱབ་བརྡལ་འགྲོ་ཡི་འདུག ང་ཚོས་འབྲེལ་ཡོད་གསར་ཁང་ཁག་ཚང་མར་འབྲེལ་བ་ཞུས་ནས་གནས་ཚུལ་བཟོ་བཅོས་དགོས་པའི་འབོད་སྐུལ་ཞུ་ཐབས་བྱས་པ་ཡིན། གསར་ཁང་ཁག་ཅིག་ལ་འབྲེལ་བ་བྱེད་ཐུབ་སྟེ་གནས་ཚུལ་བཅོས་ཚར་བ་རེད། འོན་ཀྱང་། གསར་ཁང་ཆུ་གྲས་དེ་འདྲ་མང་པོ་ཡོད་སྟབས་ཚང་མར་འབྲེལ་བ་བྱེད་ཐུབ་ཐབས་མི་འདུག ཅེས་བརྗོད་སོང་།

ཡང་གསར་འགོད་པས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་ད་ལྟ་ཏོག་དབྱིབས་ནད་པ་ཡོད་མེད་དྲིས་པར་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ང་ཚོ་སློབ་གྲྭའི་ངོས་ནས་དགེ་ལས་སློབ་ཕྲུག་མི་གྲངས་ཁྱོན་ ༩༤ ལ་ཏོག་དབྱིབས་ནད་གཞི་བརྟག་དཔྱད་བྱས་པ་རེད། སྐབས་དེར་མི་གྲངས་ ༩༤ ནང་ལོགས་ནས་ལས་བྱེད་གཉིས་དང་སློབ་མ་ ༤ བཅས་ཁྱོན་མི་ ༦ ལ་ཏོག་དབྱིབས་ནད་ཕོག་ཡོད་པའི་གྲུབ་འབྲས་ཐོན་པ་རེད་མ་གཏོགས་གཞན་ཡོད་མ་རེད། འོན་ཀྱང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་མི་གྲངས་ ༩༢ ལ་ཏོག་དབྱིབས་ནད་གཞི་ཕོག་པ་རེད་ཅེས་དཀྲོག་གཏམ་སྤེལ་གྱི་འདུག གནས་ཚུལ་འདི་མངའ་སྡེ་གྲོས་ཚོགས་ནང་གླེང་སློང་བྱུང་གི་ཡོད་སྟབས། ད་ལྟ་ང་ཚོར་ས་གནས་རྒྱ་གར་གཞུང་དང་གསང་བའི་ལས་ཁུངས། རྫོང་གཞུང་བཅས་ཀྱིས་འབྲེལ་བ་ཡོང་གི་འདུག་ལ། ཁོ་ཚོས་དངོས་ཡོད་གནས་སྟངས་ག་རེ་ཡིན་པ་ཤེས་ཀྱི་འདུག་མོད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དཀྲོག་གཏམ་ད་དུང་སྤེལ་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

ནད་གཞི་ཕོག་པའི་དགེ་ལས་སློབ་ཕྲུག་ཚོའི་གནས་སྟངས་ག་འདྲ་ཡོད་སྐོར་ལ་ཁོང་གིས། ད་ལྟ་ནད་གཞི་ཕོག་པའི་མི་ ༦  ལ་ཏོག་ནད་འགོས་ཡོད་པའི་གྲུབ་འབྲས་ཐོན་པ་ཙམ་ལས་གཞན་དབུགས་གཏོང་ལེན་མ་ཐུབ་པ་དང་ཚ་བ་རྒྱས་པ་སོགས་ཀྱི་དཀའ་ངལ་གང་ཡང་མི་འདུག་ལ། ང་ཚོའི་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གིས་ནད་པ་རྣམས་ལ་དུས་ལྟར་ཞལ་ལག་དང་བརྟག་དཔྱད་སོགས་ཕྱོགས་གང་ཅིའི་ཐད་ནས་ལམ་སྟོན་དང་ལྟ་རྟོག་གནང་གི་ཡོད། དེར་བརྟེན། དམིགས་བསལ་གྱི་དཀའ་ངལ་གང་ཡང་མེད། ཅེས་བརྗོད་སོང་།

ཡང་གནས་ཚུལ་རྫུན་བསྒྲགས་དང་འབྲེལ་བོད་པའི་སྤྱི་ཚོགས་སྤྱི་དང་དམིགས་སློབ་ཕྲུག་གི་ཕ་མ་རྣམས་ནས་ཐུགས་ཁྲལ་གནང་མི་དགོས་སྐོར་ལ་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། གནས་ཚུལ་འདི་དང་འབྲེལ་ནས་སློབ་ཕྲུག་གི་ཕ་མ་དང་གཡས་གཡོན་གྱི་ཚོགས་པ་སྐྱིད་སྡུག་ཁག་མང་པོས་ཁ་པར་བསླེབས་བྱུང་། ང་ཚོས་སློབ་གྲྭའི་ངོ་དེབ་བརྒྱུད་ནས་གསལ་བཤད་སྤེལ་ཡོད་པ་མ་ཟད། ཁ་པར་འབྱོར་མཁན་ཚང་མར་གསལ་བཤད་དང་དགེ་རྒན་རྣམ་པས་ཀྱང་སོ་སོའི་སྤྱི་ཚོགས་དྲ་ལམ་བརྒྱུད་གསལ་བཤད་གནང་ཡོད་པ་རེད། དེར་བརྟེན། སློབ་ཕྲུག་གི་ཕ་མ་རྣམས་གཙོ་བྱས་པའི་འབྲེལ་ཡོད་ཚང་མས་ཐུགས་ཁྲལ་གནང་མི་དགོས། སློབ་གྲྭའི་ངོས་ནས་ཟུར་བཀག་འོག་བཞག་ཡོད་པའི་དགེ་ལས་སློབ་ཕྲུག་མི་ ༦ ལ་གྲ་སྒྲིག་ཡག་པོ་བྱས་ཏེ་ལྟ་རྟོག་ཡག་གནང་གི་ཡོད་པ་མ་ཟད། གཙོ་ཆེ་བ་དེ་སློབ་གྲྭའི་ནང་ཡོད་པའི་དགེ་རྒན་དང་སློབ་མ་ཚང་མའི་ལུས་སེམས་ཀྱི་འཕྲོད་བསྟེན་བདེ་ཐང་དང་སྐྲག་སྣང་གང་ཡང་མེད་པའི་གནས་སྟངས་འོག་གནས་དགོས་ཀྱི་ཡོད་པ་ལྟར་འདི་ག་སློབ་གྲྭར་དཀའ་ངལ་གང་ཡང་མེད་ལ། འབྲེལ་ཡོད་ཚང་མས་ཐུགས་ཁྲལ་གང་ཡང་གནང་མི་དགོས། ཞེས་བརྗོད་སོང་།

སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱི་གསུང་བ་ལྟར་ན། ད་ལྟའི་ཆར་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་ལྟར། ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ནས་ ༣༡ བར་འཛིན་རིམ་བཅུ་བ་དང་བཅུ་གཉིས་པའི་སློབ་མ་ཚོ་སྐད་བཏང་བ་ལྟར་སློབ་གྲྭར་འབྱོར་འདུག ད་ལྟ་དགེ་ལས་སློབ་ཕྲུག་ཚང་མ་ཟུར་བཀག་འོག་བཞག་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

 

 

 

བསྐྱར་བཅོས།: ༢༠༢༠/༡༡/༠༨

Leave a Reply

One thought on “ཅོན་ཏ་ར་སློབ་གྲྭའི་ནང་ཏོག་ནད་ཅན་ ༩༢ བྱུང་ཟེར་བ་བདེན་པ་རེད་མི་འདུག