རྗོ་བྷའེ་ཌན་ལགས་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་གསུང་འཕྲིན་བསྩལ།

རྗོ་བྷའེ་ཌན་ལགས་ཨ་རིའི་སྲིད་འཛིན་སྐབས་ ༤༦ པར་འདེམས་ཐོན་བྱུང་བར་༧གོང་ས་མཆོག་ནས་གསུང་འཕྲིན་བསྩལ་ཏེ་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་བར་འབད་དགོས་སྐོར་གསུངས་འདུགཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་མི་རྗོ་བྷའེ་ཌན་ལགས་དང་སྲིད་འཛིན་ཊོམ་ཕུ་ལགས་གཉིས་བར་ཨ་རིའི་མངའ་སྡེ་ ༥༠ ནང་འོས་བསྡུ་བྱས་པ་བརྒྱུད། འོས་བསྡུའི་ཁྲོད་རྒྱལ་ཁ་འཐོབ་པར་ཞབས་སྟེགས་ ༢༧༠ ལོན་དགོས་ཀྱི་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་སྲིད་འཛིན་ཊོམ་ཕུ་ལགས་སུ་ཞབས་སྟེགས་ཁྱོན་ ༢༡༤   དང་། རྗོ་བྷའེ་ཌན་ལགས་སུ་ཞབས་སྟེགས་ཁྱོན་ ༢༩༠ ཆགས་ཏེ།  དམངས་གཙོ་ཚོགས་པའི་འོས་མི་རྗོ་བྷའེ་ཌན་ལགས་ཨ་རིའི་སྲིད་འཛིན་ཐེངས་  ༤༦ ཆགས་པའི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྗོ་བྷའེ་ཌན་ལགས་སུ་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག

༧གོང་ས་མཆོག་གི་གསུང་འཕྲིན་ནང་། ངོས་ནི་ཡུན་རིང་ནས་ཨ་རིའི་རང་དབང་དང་དམངས་གཙོ། ཆོས་ལུགས་རང་དབང་དང་ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་སྨོན་སྐྱེ་ཡི་ཡོད། དམངས་གཙོའི་ལམ་ལུགས་ནང་འགྲོ་བ་མིར་རླབས་ཆེ་བའི་རེ་བ་དང་ཨ་རིའི་དབུ་འཁྲིད་ཀྱི་སྣེ་འཁྲིད་ནི་ཡང་དག་པའི་འཛམ་གླིང་གི་དབུ་འཁྲིད་ཆགས་ཀྱི་ཡོད། དམིགས་བསལ་དཀའ་ཁག་ཆེ་བའི་དུས་སྐབས་འདིར། ངོས་ནས་ཁྱེད་ཀྱིས་འཛམ་གླིང་ནང་དབུལ་ཕོངས་དང་རོགས་སྐྱོར་དགོས་པའི་མི་རྣམས་ལ་རྒྱབ་སྐྱོར་གྱིས་འཛམ་གླིང་འདི་སྔར་ལྷག་གི་ཞི་བདེ་དང་ལྡན་པ་ཞིག་ཏུ་བསྒྱུར་བར་རེ་བ་རྒྱག་གི་ཡོད་ལ། དཀའ་ངལ་འདི་དག་དང་འབྲེལ་གོ་ལའི་གནམ་གཤིས་ཚ་དྲོད་སོགས་ཀྱི་དཀའ་ངལ་སེལ་རྒྱུ་ནི་དུས་ལ་བབས་ཡོད། ཅེས་གསུངས།

ཡང་གསུང་འཕྲིན་ནང་། དེ་སྔོན་ཁྱེད་རང་ཨ་རིའི་གྲོས་ཚོགས་ནང་ཡོད་སྐབས་བོད་མི་མང་ལ་རྒྱབ་སྐྱོར་གནང་བ་དང་། དེ་བཞིན། ཉེ་སྔོན་ཕྱི་ཟླ་ ༩ པའི་ནང་བོད་དོན་དང་འབྲེལ་ནས་རྒྱ་ནག་ལ་ཉེས་ཆད་གཏོང་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་བ་སོགས་ལ་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འགྲོ་བ་མི་ཡོངས་ལ་ཕན་ཐོགས་ཆེ་བའི་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཨ་རིའི་མི་མང་དང་སྲིད་འཛིན་རིམ་པའི་གྲོགས་པོའི་མཛའ་བརྩེ་དང་རྒྱབ་སྐྱོར་ཐོབ་པ་ནི་བོད་མི་རྣམས་ཀྱི་བསོད་ནམས་ཡིན། དེར་བརྟེན། ངོས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་མཆོག་གིས། ངོས་ནས་ཁྱེད་ཀྱི་མདུན་སྔར་ལྷག་པའི་འཛམ་གླིང་ཞི་བདེ་ལྡན་དང་འཆམ་མཐུན་ཡོང་བ། དེ་བཞིན། ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་ཐུབ་པར་རེ་སྨོན་རྒྱག་གི་ཡོད། ཅེས་དང་། རྗོ་བྷའེ་ཌན་ལགས་ནས་ཀ་རྨ་ལ་ཧན་རེ་སི་ལགས་སྲིད་འཛིན་གཞོན་པ་འདེམས་པར་བསྔགས་བརྗོད་གནང་གི་ཡོད་སྐོར་གསུངས་འདུག

ཡང་ད་རེས་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ཁྲོད། གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པར་ཞབས་སྟེགས་ ༤༦ དང་སྤྱི་མཐུན་ཚོགས་པར་ཞབས་སྟེགས ༤༨  ། དེ་བཞིན། གྲོས་ཚོགས་འོག་མའི་ནང་དམངས་གཙོ་ཚོགས་པར་ཞབས་སྟེགས་ ༢༡༤  དང་སྤྱི་མཐུན་ཚོགས་པར་ཞབས་སྟེགས་ ༡༩༦ བཅས་ཐོབ་སྟེ། གྲོས་ཚོགས་གོང་མ་སྔར་བཞིན་སྤྱི་མཐུན་ཚོགས་པ་དང་གྲོས་ཚོགས་འོག་མ་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགྲོ་སྟངས་ནི། ཨ་རིའི་མངའ་སྡེ་ ༥༠ ནས་འཐུས་མི་གཉིས་རེ་ཁྱོན་འཐུས་མི་ ༡༠༠ ཡིས་གྲུབ་པའི་གྲོས་ཚོགས་གོང་མ་ (Senate) དང་། མངའ་སྡེ་སོ་སོའི་མི་གྲངས་གཞིར་བཟུང་གིས་འཐུས་མི་ ༤༣༥ ཡིས་གྲུབ་པའི་གྲོས་ཚོགས་འོག་མ་ (House of Representatives) གཉིས་ཀྱི་སྒྲིག་འཛུགས་འོག མངའ་སྡེ་སོ་སོ་ནས་སྲིད་འཛིན་འོས་མི་འདོན་གྱི་ཡོད་ནའང་། གལ་ཏེ་གྲོས་ཚོགས་གོང་འོག་གཉིས་གཙོས་པའི་མང་མོས་འོས་གཞིར་རྒྱབ་སྐྱོར་གནང་མཁན་མངའ་སྡེ་གཞན་གསུམ་བཅས་ཀྱི་འཐུས་ཚབ་ ༥༣༨ ཀྱིས་གྲུབ་པའི་ཨ་རིའི་སྲིད་འཛིན་འོས་མི་འདེམས་སྒྲུག་ལྷན་ཚོགས་ (United States Electoral Colleg) ནས་བཏོན་པའི་འོས་མི་རྣམས་ཀྱི་འོས་གྲངས་ ༢༧༠ མ་ཟིན་པ་ཡིན་ན། གྲོས་ཚོགས་འོག་མས་སྲིད་འཛིན་འོས་མི་འདོན་སྲོལ་ཡོད་པ་དང་། ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་ལོ་ ༤ རེའི་ནང་ཐེངས་རེར་འདེམས་བསྐོ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༠༨

Leave a Reply

2 thoughts on “རྗོ་བྷའེ་ཌན་ལགས་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་གསུང་འཕྲིན་བསྩལ།

  1. འདམ་སྐྱེས།

    དུས་བབ་གསར་འགོད་པ་ཚོས་༧གོང་ས་ཆེན་པོས་ཨ་རིའི་འདེམས་ཐོན་སྲིད་འཛིན་དང་སྲིད་གཞོན་རྣམ་གཉིས་ལ་ལེགས་བརྗོད་བཀྲིན་ཆེ་བ་དང་། རྣམ་ལྷན་ནས་བོད་པའི་གསར་ཤོག་ནང་ཐེང་དང་པོར་དེ་དང་ལྷན་དུ་ཁ་གསར་ཞིང་གོ་བདེ་བའི་གསར་གནས་གནང་བར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཡོད།།