སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ ༩༩ ལ་ཏོག་ནད་འགོས་འདུག

སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ ༩༩ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་ཀྱང་དགེ་སློབ་གཉིས་ལ་ནད་རྟགས་གང་ཡང་མེད་པར་བདེ་པོ་ཐང་པོ་ཡིན་སྐོར་སློབ་སྤྱི་ལགས་ནས་གསུངས་བྱུང་།ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སླར་ཡང་སྒོ་འབྱེད་པའི་མགོ་བརྩམས་ཡོད་པ་དང་བསྟུན། མན་ཌི་རྫོང་ཁོངས་སུ་གཏོགས་པའི་ཅོན་ཏ་ར་དང་སྦིར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་གཉིས་ནང་ཏོག་དབྱིབས་ནད་པ་གང་ཙམ་ཞིག་ཐོན་ཡོད་པ་རེད། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཀརྨ་ཤེས་རབ་ལགས་སུ་སུ་ཇཱ་སློབ་གླིང་དུ་ཏོག་དབྱིབས་ནད་གཞི་འགོས་ཁྱབ་ག་འདྲ་བྱུང་བ་དང་དགེ་སློབ་ག་ཚོད་ཅིག་ལ་འགོས་ཁྱབ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ནས་ཚེས་ ༣༡ བར་ང་ཚོས་སློབ་མ་རྣམས་སློབ་གྲྭར་འབྱོར་དགོས་པའི་བརྡ་ཁྱབ་བཏང་བ་ལྟར་སློབ་ཕྲུག་ཚོ་སློབ་གྲྭར་འབྱོར་བ་རེད། སྐབས་དེར་ང་ཚོས་ཏོག་ནད་མེད་པའི་སྨན་ཁང་གི་ངོས་སྦྱོར་ཡོད་མཁན་དང་མེད་མཁན་ལོགས་ཁ་བྱས་ཏེ། སློབ་མ་ ༥ ནས་ ༦ བར་ཁྱིམ་ཚང་གཅིག་གི་ནང་ཉིན་གྲངས་ ༡༤ རིང་ཟུར་བཀག་འོག་བཞག་པ་རེད།  འོན་ཀྱང་། ང་ཚོར་ཐེ་ཚོམ་ཞིག་སྐྱེས་སོང་། གང་ཡིན་ཟེར་ན་སློབ་མ་ཚོ་ས་ཕྱོགས་འདྲ་མིན་ ༢༤ ནས་འགྲུལ་བཞུད་མང་པོ་བརྒྱུད་ནས་ཡོང་ཡོད་སྟབས། ང་ཚོ་འཛིན་སྐྱོང་ཚོགས་འདུ་ཞིག་ཚོགས་ཏེ་སློབ་ཕྲུག་ཚོ་ཟུར་བཀག་འོག་བཞག་ཡོད་ནའང་བརྟན་ཆ་ཡོང་སླད། སློབ་ཕྲུག་ཚང་མར་བརྟག་དཔྱད་ཅིག་བྱས་ན་ཡག་པོ་འདུག་བསམ་ནས་སློབ་མ་ཁྱོན་ ༡༧༠ ཙམ་ལ་བརྟག་དཔྱད་བྱས་པ་རེད། དེ་ཡང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ནང་གྲུབ་འབྲས་བཏོན་ཐུབ་པ་དེ་མ་ཡིན་པར་བརྟག་དཔྱད་རྒྱས་པ་དེ་བྱས་པ་རེད། དེའི་རྗེས་ཕྱི་ཚེས་  ༧ ཉིན་གྱི་ཉིན་རྒྱབ་ཏུ་བརྟག་དཔྱད་གྲུབ་འབྲས་ཐོན་སྐབས་སློབ་མ་ཁྱོན་ ༧༤ དང་ལས་བྱེད་ ༢༥ ལ་ཏོག་ནད་འགོས་ཁྱབ་བྱུང་ཡོད་པའི་གྲུབ་འབྲས་ཐོན་པ་རེད། འོན་ཀྱང་སློབ་ཕྲུག་ཚོར་ནད་རྟགས་གང་ཡང་མེད་པར་བདེ་པོ་ཐང་པོ་ཡིན་པ་དང་། ང་ཚོས་བརྟག་དཔྱད་བྱས་པ་བརྒྱུད་གནས་སྟངས་ཁ་གསལ་བཟོ་ཐུབ་པ་བྱུང་ལ། མ་འོངས་པར་ནད་ཡམས་སྔོན་འགོག་ག་འདྲ་བྱེད་དགོས་པར་ཕན་ཐོགས་བྱུང་། ཞེས་བརྗོད་བྱུང་།

ཡང་སློབ་ཕྲུག་ཚོའི་ཁྲོད་ཧི་མ་ཅལ་མངའ་སྡེའི་ནང་ནད་པ་མང་པོ་ཡོད་སྐོར་ལ་ཀརྨ་ཤེས་རབ་ལགས་ཀྱིས། ཧང་སང་དགོས་པ་ཞིག་ལ་སློབ་ཕྲུག་ཚོའི་ནང་དུ་དྷ་རམ་ས་ལའི་གཡས་གཡོན་དང་མན་ཌི། དམིགས་བསལ་མ་ན་ལི་སོགས་ཧི་མ་ཅལ་མངའ་སྡེའི་ནང་ནད་པ་མང་པོ་འདུག དེ་ནས་ཨ་རུ་ན་ཅལ་ཕྱོགས་ཆགས་ཀྱི་འདུག གཙོ་བོ་ང་ཚོས་བརྟག་དཔྱད་བྱས་པ་བརྒྱུད་དབྱེ་བ་ཡག་པོ་ཕྱེས་ཐུབ་སོང་ལ། ད་ལྟ་ང་ཚོས་ཏོག་ནད་ཕོག་པའི་སློབ་ཕྲུག་ཚོ་མི་ ༡ ནས་ ༣ བར་བགོས་ཏེ་ཁྱིམ་ཚང་དུ་ཟུར་བཀག་འོག་བཞག་ཡོད། དེ་མིན་གྱི་སློབ་ཕྲུག་ཚོ་རང་འཇགས་ཟུར་བཀག་འོག་བཞག་ཡོད། ཅེས་བརྗོད་བྱུང་།

སློབ་ཕྲུག་གི་ཁྱིམ་བདག་དང་སྤྱི་ཚོགས་ནང་སེམས་ཁུར་བྱེད་མཁན་མང་པོ་ཡོང་གི་ཡོད་པ་དེར་ཁོང་གིས། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་ཁྱབ་བརྡལ་དུ་ཕྱིན་ཏེ་དངངས་སྐྲག་ཞེ་དྲགས་བྱེད་ཀྱི་འདུག འོན་ཀྱང་། དངངས་སྐྲག་དང་ཞེད་སྣང་བྱེད་དགོས་པའི་ཛ་དྲག་གི་གནས་སྟངས་གང་ཡང་མི་འདུག ང་ཚོས་ཉིན་ལྟར་སློབ་ཕྲུག་ཚོར་བརྟག་དཔྱད་གཏོང་གི་ཡོད་ལ་ཚ་བ་རྒྱས་པ་སོགས་ནད་རྟགས་ཐོན་པའི་གནས་སྟངས་གང་ཡང་མེད་པར་རྒྱུན་ལྡན་ལྟར་རེད་འདུག སློབ་ཕྲུག་གི་ཕ་མའི་ངོས་ནས་ཀྱང་ང་ཚོར་རྒྱབ་སྐྱོར་དཔེ་ཡག་པོ་གནང་གི་འདུག དེར་བརྟེན། སློབ་ཕྲུག་གི་ཕ་མ་སྤུན་མཆེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

སློབ་སྤྱི་ཀརྨ་ཤེས་རབ་ལགས་ཀྱི་གསུངས་པ་ལྟར་ན། ད་རེས་བརྟག་དཔྱད་དེ་ཁྱོན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཁྱོན་ ༢༠༠ ལྷག་དང་ཉེ་འཁོར་གྱི་མི་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ལ་བརྟག་དཔྱད་བྱས་ཏེ་མན་ཌི་རྫོང་ཁོངས་ཀྱི་ཉིན་གཅིག་རིང་ཏོག་ནད་བརྟག་དཔྱད་བྱས་པ་ཆེས་མང་ཤོས་ཆགས་ཡོད་པ་དང་། བརྟག་དཔྱད་ཀྱི་འགྲོ་གྲོན་ཧིན་སྒོར་འབུམ་  ༧ ཙམ་ཚང་མ་རྒྱ་གར་གཞུང་གིས་བཏང་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༠༩

Leave a Reply