བོད་མིའི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གསར་པ་རྣམ་གཉིས་ལ་འཚམས་འདྲི་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་སྐུ་ཞབས་རྗོ་བྷའེ་ཌན་མཆོག་ཨ་རིའི་སྲིད་འཛིན་སྐབས་ ༤༦ པར་བདམས་པ་དང་ལྕམ་ཀ་མ་ལ་ཧ་རི་སི་ལགས་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་འཚམས་འདྲི་གནང་འདུགཁ་སང་ཕྱི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འཚམས་འདྲི་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྗོ་བྷའེ་ཌན་མཆོག་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་ཡི་ཡོད་ཅེས་དང་། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་གིས་རྒྱ་ནག་གཞུང་གི་མི་སྣ་ཁག་ཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ལ་དམ་དྲག་བཀའ་ཆད་གཅོད་རྒྱུ་ཡིན་སྐོར་གསུངས་པར་དགའ་བསུ་ཞུ་རྒྱུ་དང་།  ལྷག་པར་དུ་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དང། བོད་དོན་སླད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ།  ད་དུང་སྲིད་འཛིན་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཨ་རིའི་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུས་པར་ཡིད་སྨོན་གནང་གི་ཡོད་སྐོར་གསུངས་འདུག

ཡང་སྲིད་སྐྱོང་མཆོག་ནས་སྐུ་ཞབས་རྗོ་བྷའེ་ཌན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུའི་ཞལ་བཞེས་གནང་བར་དགའ་བསུ་ཞུས་ཤིང་། ཨ་རིའི་སྲིད་འཛིན་ཟུར་པ་ཇོར་བྷུ་ཤི་ (George Sr Bush) མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་རྣམ་གཉིས་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་དཀར་པོར་ཐེངས་བཞི་ཙམ་གདན་འདྲེན་ཞུས་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་སྐོར་གསུངས་པ་དང་འབྲེལ། སྲིད་འཛིན་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་རྗོ་བྷའེ་ཌན་མཆོག་ལ་རྒྱལ་ཁ་ཐོབ་པ་ནི་ཨ་རིའི་མི་མང་གིས་ཁོང་ལ་ཡིད་ཆེས་དང་བློ་གཏད་ཞུ་ཡི་ཡོད་པ་མཚོན་གྱི་ཡོད་པ་དང་། ཁོང་ལ་བཅོས་མིན་གྱི་འཚམས་འདྲི་ཞུས་ཤིང་འབྱུང་འགྱུར་གྱི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་ཞུས་གནང་འདུག

དེ་བཞིན་ལྕམ་ཀ་མ་ལ་ཧ་རི་སི་མཆོག་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ལྕམ་ཀ་མ་ལ་ནི་ཨ་རིའི་གཞུང་གི་ལོ་རྒྱུས་ནང་བུད་མེད་ཅིག་གནས་རིམ་མཐོ་ཤོས་ཟིན་མཁན་དེ་ཆགས་ཡོད་ལ། རྒྱལ་སྤྱིའི་ཆབ་སྲིད་དང་འགོ་ཁྲིད་ཀྱི་ཐད་ནས་ཀྱང་བུད་མེད་ཚོར་དུས་རབས་གསར་པ་ཞིག་བསྐྲུན་གྱི་ཡོད་སྐོར་དང།  ལྷག་པར་དུ་ཁོང་མོ་ནི་རྒྱ་གར་གྱི་རིགས་རྒྱུད་ཡིན་པས། འཛམ་གླིང་གང་སར་གནས་པའི་རྒྱ་གར་བ་ཚོར་སེམས་ཤུགས་དང་སྤོབས་པ་སྐྱེ་ཡི་ཡོད་ལ། སྲིད་འཛིན་གཞོན་པས་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སླད་ཕྱག་ལས་གནང་བའི་སྐབས་སུ་བོད་དོན་གླེང་སློང་གནང་བ་དང་། ཨ་རི་དང་བོད་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་ཞུ་ཡི་ཡོད་སྐོར་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་རྗོ་བྷའེ་ཌན་ (Joe Biden) མཆོག་དང་། ལྕམ་ཀ་མ་ལ་ཧ་རི་སི་ (Kamala Harris) མཆོག་རྣམ་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་། ཨ་རིའི་གཞུང་མང་གཉིས་ནས་བོད་ཀྱི་འཐབ་རྩོད་ཀྱི་ཆེད་དུ་རྟག་ཏུ་རྒྱབ་སྐྱོར་གནང་བཞིན་ཡོད་པས། རྒྱ་དམར་གཞུང་གི་གདུག་རྩུབ་འོག་ཡོད་པའི་བོད་ནང་གི་བོད་མི་རྣམས་དང། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྣམས་ལ་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་ལ། དེ་བཞིན་ཨ་རིའི་རྒྱལ་ཁབ་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་མཆོག་གི་དབར་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། སྲིད་འཛིན་ཁྱེད་ཀྱིས་ཕྱི་ཟླ་ ༩ ནང་གསུངས་པ་ལྟར་ང་ཚོས་ཁྱེད་ཀྱི་དབུ་འཁྲིད་འོག་འབྲེལ་བ་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་འཁོད་འདུགདེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་སུ། ཨ་རིའི་གཞུང་མང་གཉིས་ནི་བོད་མི་རྣམས་དང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་ལ་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། འོན་ཀྱང་རྒྱ་དམར་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་ལ་ཞི་བའི་བཅིངས་གྲོལ་དང་ཡར་རྒྱས་བཏང་ཡོད་པ་བརྗོད་བཞིན་ཡོད་ཀྱང་དོན་དངོས་སུ་བོད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན་ཏེ། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༤ ཡིས་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་ཡོད་ལ། ཁོང་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད།

དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་བོད་རྒྱ་འབྲེལ་མོལ་ཐེངས་ ༡༠ པ་གནང་བའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མུ་མཐུད་བོད་ཀྱི་གནད་དོན་གསལ་ཐབས་སུ་རྒྱ་ནག་གཞུང་དང་ལྷན་ཞི་བའི་གྲོས་མོལ་ཡོང་ཐབས་ཀྱི་སླད་དུ་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད་ཀྱང། རྒྱ་ནག་གཞུང་གི་ངོས་ནས་ད་བར་བཟང་ཕྱོགས་ཀྱི་ཡ་ལན་རྩ་བ་ནས་གནང་མེད་པར་བརྟེན། སྲིད་འཛིན་ཁྱེད་ཀྱི་དབུ་འཁྲིད་འོག་བོད་རྒྱ་འབྲེལ་མོལ་གནང་རྒྱུའི་རེ་བ་བྱ་ཡི་ཡོད་སྐོར་གསུངས་འདུག

མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐུ་ཞབས་རྗོ་བྷའེ་ཌན་མཆོག་དང་། སྐུ་ལྕམ་ཧ་རི་སི་མཆོག་གཉིས་ཀྱིས་སྣེ་འཁྲིད་པའི་ཨ་རིའི་གཞུང་གིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཆེན་པོ་ཡོད་པ་དང་། སྲིད་འཛིན་ཁྱེད་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱིས་འབྱུང་འགྱུར་ཨ་རིའི་རྒྱལ་ཁབ་དང་འཛམ་གླིང་ནང་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་སློབ་སྟོན་དང་མཉམ་ཁྲིད་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག།

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༡/༠༩

Leave a Reply