རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལོ་འཁོར་ཚོགས་ཆེན་ཐོག་ཐའེ་ཝན་སྐད་བཏང་མི་འདུག

རྒྱ་ནག་གཞུང་གི་གནོན་ཤུགས་འོག་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ནས་ལོ་འཁོར་ཚོགས་ཆེན་ཐོག་ཐའེ་ཝན་སྐད་བཏང་མེད་པས་ཐའེ་ཝན་གཞུང་ནས་བློ་ཕམ་བྱུང་བའི་བསྒྲགས་གཏམ་སྤེལ་འདུགམཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་འཕྲོད་བསྟེན་ཚོགས་ཆེན་ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་ཉིན་གྲངས་ ༥ རིང་འཚོག་གི་ཡོད་པ་དང་། ཚོགས་ཆེན་འདིའི་ཐོག་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྲིད་བྱུས་གཏན་འབེབ་དང་ལོ་འཁོར་སྙན་ཐོ་ཁག་སྒྲོག་སྦྱངས། ལས་གཞི་ཁག་ལ་བསྐྱར་ཞིབ་དང་ལས་གཞི་གསར་པ་ངོས་ལེན་བྱེད་པ། དེ་བཞིན་འཛམ་གླིང་སྤྱིའི་འཕྲོད་བསྟེན་དང་ནད་ཡམས་སོགས་དང་འབྲེལ་ནས་དམིགས་བསལ་བགྲོ་གླེང་དང་ཐག་གཅོད་བྱེད་ཀྱི་ཡོད་འདུག་ལ། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་དེར་གདོང་ལེན་བྱེད་ཕྱོགས་དང་སྨན་ཁབ་སོགས་ཀྱི་ཐད་གླེང་སློང་བྱེད་ཀྱི་ཡོད་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་ཐའེ་ཝན་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ནང་ཐའེ་ཝན་མཉམ་ཞུགས་བྱེད་པར་ཡང་ཡང་བཀག་འགོག་བྱས་པ་དང་། རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐའེ་ཝན་མི་མང་གི་ཐོབ་ཐང་དང་འཕྲོད་བསྟེན་ལ་རྩིས་མེད་བྱས་པར་བློ་ཕམ་དང་འདོད་བློ་ཁེངས་མེད་པ་བརྗོད་འདུག

ཕྱི་སྲིད་ལྷན་ཁང་གི་བསྒྲགས་གཏམ་དེའི་ནང་། ད་བར་ཐའེ་ཝན་ལ་གདན་ཞུའི་བརྡ་ལན་གང་ཡང་འབྱོར་མེད་པ་དང་། ད་ལྟའང་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆེ་བའི་སྐབས་འདིར། འཛམ་གླིང་ཁྱོན་ཡོངས་མཉམ་འབྲེལ་བྱེད་པའི་དུས་ལ་བབ་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་ནའང་། རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་གཙོ་བོར་བཟུང་སྟེ། འཕྲོད་བསྟེན་གྱི་ཚོགས་འདུར་ཐའེ་ཝན་གདན་ཞུ་བྱས་མེད་པའི་སྐྱོན་བརྗོད་བྱས་འདུག

ཡང་བསྒྲགས་གཏམ་དེའི་ནང་། འདི་ལོའི་ཕྱི་ཟླ་ ༥ ནང་ཐའེ་ཝན་གྱི་འཕྲོད་བསྟེན་དང་ཕྱི་སྲིད་ལྷན་ཁང་གཉིས་མཉམ་འབྲེལ་ཐོག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐད་དྲ་ཐོག་གི་ཚོགས་འདུ་ཞིག་བསྐོངས་བར་རྒྱལ་སྤྱིའི་ཐོག་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ལ། དེ་ལ་བརྟེན་ཐའེ་ཝན་གྱིས་ཐའེ་ཝན་རང་གི་ནད་ཡམས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཉམས་མྱོང་དང་འཕྲུལ་རིག་ཚན་རྩལ་རྣམས་མུ་མཐུད་འཛམ་གླིང་ལ་བརྗེ་རེས་བྱེད་པའི་འདུན་པ་བརྟན་པོ་བཟོས་ཡོད་སྐོར་དང་། ཐའེ་ཝན་གྱིས་མ་འོངས་པར་སྐྲན་ནད་དང་འབྲེལ་ནས་ཨ་རི་དང་ཡུ་རོབ་སོགས་ནས་ཆེད་ལས་མཁས་པའི་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཏེ་གོ་ལ་ཁྱོན་ཡོངས་སུ་ན་ཚ་དང་འབྲེལ་ནས་ལེགས་སྐྱེས་འབུལ་འདུན་ཡོད་སྐོར་སོགས་བཀོད་འདུགཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་ཇི་ནི་ཝའི་ཚོགས་ཆུང་གིས་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཊི་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom Ghebreyesus) ལགས་ལ་ཞུས་ཏེ། ཐའེ་ཝན་དང་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་གཉིས་མཉམ་འབྲེལ་ཤུགས་ཆེར་གཏོང་དགོས་པ་དང་། ཐའེ་ཝན་གྱིས་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་འཛམ་གླིང་ཁྱོན་ཡོངས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་སྐོར་བརྗོད་ཡོད་འདུག་ལ། དེ་བཞིན་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཟུར་ཉན་ཁོངས་སུ་ཐའེ་ཝན་འཇོག་ཆེད། ཉེ་ལམ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༡༠༢ དང་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་བཞི་བཅས་གྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད་ལ། དབུས་ཨ་རིའི་གྲོས་ཚོགས་ (Central American Parliament) ཀྱི་འཐུས་མི་གྲངས་ ༡༤༤ ཡིས་ཀྱང་རྒྱལ་ཚོགས་འཕྲོད་བསྟེན་ལོ་འཁོར་ཚོགས་ཆེན་ཐོག་ཐའེ་ཝན་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ཐའེ་ཝན་ནི་འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་ལེགས་ཤོས་དང་ཚགས་ཚུད་ཤོས་བྱེད་མཁན་གྱི་གྲས་ཤིག་ཡིན་པ་དང་། ད་བར་ཐའེ་ཝན་ནང་ཁྱོན་ནད་པ་གྲངས་ ༥༧༧ བྱུང་ཡོད་པ་ལས་ ༧ ལས་རྐྱེན་འདས་སུ་ཕྱིན་མེད་སྟབས། སྟོབས་ཆེན་རྒྱལ་ཁབ་ཨ་རི་སོགས་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཐའེ་ཝན་གྱི་ཏོག་དབྱིབས་གཉན་རིམས་དང་འབྲེལ་གདོང་ལེན་བྱེད་ཕྱོགས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད་ལ། རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནང་ཐའེ་ཝན་ཚུད་ཐབས་བྱེད་ཀྱི་ཡོད་པ་རེད། ཨ་རི་གཞུང་གིས་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དེ་བཞིན་རྒྱ་ནག་གི་ཕྱོགས་སུ་ལྷུང་ཡོད་པའི་སྐྱོན་བརྗོད་དང་། ཨ་རིའི་རོགས་དངུལ་གཅོད་རྒྱུ་ཡིན་པའི་ཐག་གཅོད་བྱས་པ། དེ་བཞིན་ཚོགས་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་པ་རེད།

ཐེངས་འདིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ནི་ལོ་ལྟར་ཕྱི་ཟླ་ ༥ ནང་འཚོག་གི་ཡོད་ནའང་། འདི་ལོའི་ཏོག་དབྱིབས་གཉན་རིམས་ལ་བརྟེན། ཕྱི་ཟླ་ ༥ པའི་ཚེས་ ༡༨ ནས་ཉིན་གཉིས་ཙམ་གྱི་རིང་རིང་དྲ་ལམ་བརྒྱུད་ཚོགས་ཡོད་པ་ལས་ལས་རིམ་ཕྱི་འགྱངས་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༠༩

Leave a Reply