བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དྲ་ཐོག་ནས་འཚོག་གི་འདུག

དེ་རིང་ནས་ཉིན་གྲངས་ ༤ རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དྲ་ཐོག་ནས་བསྡུས་ཏེ་བརྗོད་གཞི་འདྲ་མིན་སྣ་ཚོགས་ཐོག་གཏམ་བཤད་བགྲོ་གླེང་གནང་བཞིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དྲ་ལམ་བརྒྱུད་ཉིན་གྲངས་ ༤ རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དེ་མགོ་འཛུགས་གནང་སོང་བ་དང་། འདི་ལོའི་ཚོགས་འདུའི་ཐོག་བོད་ཀྱི་ན་གཞོན་ཞིབ་འཇུག་པ་ ༡༨ ཀྱིས་བོད་ཀྱི་ལོ་རྒྱུས་དང་། ཁོར་ཡུག སྤྱི་ཚོགས་ཀྱི་གནས་སྟངས་སྤྱི་དང་། ཡང་སྒོས་བཙན་བྱོལ་གྱི་སྤྱི་ཚོགས། རྩོམ་རིག་བཅས་བརྗོད་དོན་ཆེན་པོ་ལྔའི་ཐོག་ལ་ཉམས་ཞིབ་གཏམ་བཤད་དང་བགྲོ་གླེང་གནང་གི་འདུག་ལ། ད་ཐེངས་ཀྱི་དཔྱད་རྩོམ་ཁྲོད་ནས་སྤུད་ཚད་ལེགས་པ་རྣམས་བསྡུ་སྒྲིག་གིས་འདི་ལོའི་ལོ་མཇུག་ཙམ་ལ་དུས་དེབ་འདོན་འཆར་ཡོད་འདུག

ད་ལན་གྱི་ཚོགས་འདུར་བོད་ཀྱི་གནའ་བོའི་ཁྲིམས་ལུགས་སྐོར་ནས་ཉམས་ཞིབ་གཏམ་བཤད་སྤེལ་མཁན་པདྨ་རྣམ་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ངས་གཏམ་བཤད་བྱས་པའི་བརྗོད་གཞི་དེ་བཙན་པོའི་དུས་སྐབས་ཀྱི་ཁྲིམས་ཡིག་ལ་བསྐྱར་ཞིབ་ཅེས་པ་དེ་ཆགས་ཡོད་པ་དང་། དེའི་ཁྲོད་ནས་ཀྱང་གཙོ་བོ་ང་ཚོས་དུས་རྒྱུན་ཡོངས་གྲགས་སུ་སྲོང་བཙན་སྒམ་པོའི་སྐབས་སུ་གཏན་འབེབ་བྱས་པར་འདོད་པའི་ཁོད་སུམ་ཅུ་སོ་དྲུག་སྐོར་བཤད་ཡིན། དེ་ཡང་ཁོད་ཅེས་པའི་མིང་དེ་ཏུན་ཧོང་ཡིག་ཆ་དང་། ལྡེའུ་ཆོས་འབྱུང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ནང་འབྲི་སྟངས་མི་འདྲ་བའི་ཆ་དེ་ངོ་སྤྲོད་དང་། དེ་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ལྡེའུ་ཆོས་འབྱུང་གཉིས་ནང་ཁོད་སུམ་ཅུ་སོ་དྲུག་གྲངས་འདྲེན་བྱེད་སྟངས་ལ་གཤིབ་བསྡུར། དེ་བཞིན་སྲོང་བཙན་སྒམ་པོའི་སྐབས་ཁོད་སུམ་ཅུ་སོ་དྲུག་གཏན་འབེབ་བྱེད་སྐབས་ཁྲིམས་ཡིག་གང་ཐོག་མར་གཏན་འབེབ་བྱས་ཡོད་མེད་དང་། སྲོང་བཙན་སྒམ་པོའི་རྗེས་སུ་རྒྱལ་ཐོག་རིམ་པས་ཁྲིམས་ཡིག་ཅི་དང་ཇི་ལྟར་གཏན་འབེབ་བྱས་ཡོད་མེད། མཐའ་མཇུག་དེར་བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་ཁྲིམས་ཡིག་གི་ཐུན་མིན་ཁྱད་ཆོས་དང་ངོ་བོ་སོགས་ངོ་སྤྲོད་དང་དཔྱད་ཞིབ་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་། པདྨ་རྣམ་རྒྱལ་ལགས་ནི་ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་ལས་རོགས་དང་ཉམས་ཞིབ་པ་ཡིན་འདུག

དེ་བཞིན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་ད་ལྟའི་ནད་ཡམས་དང་འབྲེལ་ནས། དུས་རབས་ ༡༤ པའི་ནང་ལྷ་ས་དང་ས་སྐྱར་ཐོན་པའི་ནད་ཡམས་སྐོར་ནས་ཉམས་ཞིབ་གཏམ་བཤད་གནང་སྐབས། འཛམ་གླིང་ལོ་རྒྱུས་ཁྲོད་ནད་ཡམས་ཆེན་པོ་ ༢༤༡ བྱུང་ཡོད་ཀྱང་། དེའི་ནང་བོད་དུ་བྱུང་བའི་ནད་ཡམས་དག་ཚུད་མེད་པ་དང་། ཉམས་ཞིབ་ཀྱི་བརྒྱུད་རིམ་དུ་ཉམས་ཞིབ་པ་རང་ཉིད་ཀྱིས་བོད་ནང་ད་བར་ནད་ཡམས་ ༧ ཙམ་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ད་ལྟ་ཚན་རིག་པས་ནད་ཡམས་ཀྱི་འབྱུང་ཁུངས་བཤད་ཚུལ་རྣམས་བོད་ཀྱི་སྨན་གཞུང་ནང་ཞིབ་ཅིང་རྒྱས་པ་འཁོད་ཡོད་སྐོར་དང་། དེ་ཡང་དུས་རབས་ ༡༤ པའི་ནང་ས་སྐྱར་བྱུང་བའི་ནད་ཡམས་དེ་གཙོ་བོ་བཤལ་ནད་ཀྱི་ནད་ཡམས་ཤིག་ཡིན་པ་དང་། སྐབས་དེར་སྨན་པ་གཙོ་བོ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིན་པ་དང་། ནད་ཡམས་དེའི་རྐྱེན་པས་ས་སྐྱར་མི་གྲངས་ཚད་ལས་བརྒལ་བ་རྐྱེན་འདས་སོང་ཡོད་པ་མ་ཟད། ས་སྐྱའི་དགོན་དེ་སྟོང་ལ་ཉེ་བའི་གནས་སུ་ལྷུང་ཡོད་སྐོར་བརྗོད་འདུག ཡང་ཁོང་གིས། འབྱུང་འགྱུར་བོད་ཀྱི་ནད་ཡམས་དང་འབྲེལ་བའི་སྐོར་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱ་གལ་ཆེ་སྐོར་དང་། རྒྱལ་ཁབ་ཚང་མར་རང་གི་ལོ་རྒྱུས་ཁྲོད་དུ་བྱུང་བའི་ནད་ཡམས་སྐོར་གྱི་ལོ་རྒྱུས་ཕྱོགས་བསྒྲིགས་ལྟ་བུ་ཡོད་ནའང་། བོད་ལ་ད་བར་དེ་ལྟ་བུ་མེད་སྐོར་སོགས་བརྗོད་སོང་།

ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་དམིགས་ཡུལ་དང་ད་ཐེངས་ཀྱི་ཚོགས་འདུའི་རྣམ་པ་སོགས་ཀྱི་ཐད་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཉམས་ཞིབ་པའི་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་དེ་ན་གཞོན་ཉམས་ཞིབ་པ་གང་མང་མང་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་དང་། དེའི་ཆེད་དུ་སྲིད་བྱུས་ཉམས་ཞིབ་ཁང་ནས་ད་བར་ཚོགས་ཐེངས་ལྔའི་རིང་ས་རཱ་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་སོགས་ནང་ཉམས་ཞིབ་པ་འདུ་འཛོམས་ཀྱིས་ཚོགས་འདུ་ཚོགས་ཡོད་ཀྱང་། འདི་ལོ་ནད་ཡམས་ཀྱི་རྐྱེན་པས་ཚོགས་འདུ་དྲ་ལམ་ནས་མ་འཚོགས་ཐབས་མེད་ཆགས་ཡོད་སྐོར་། ཐོག་མའི་ཆར་འདི་ལོའི་ཉམས་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་བྱེད་མཁན་ ༤༠ ལྷག་བྱུང་ཡོད་ཀྱང་། ཕྱིས་སུ་དཔྱད་རྩོམ་མཁོ་སྤྲོད་བྱེད་མཁན་ ༢༠ བྱུང་ཡོད་པ་དང་། ཚོགས་འདུའི་སྟེང་གཏམ་བཤད་སྤེལ་མཁན་ཉམས་ཞིབ་པ་ ༡༨ ཡོད་པ་དང་། ཚོགས་འདུ་དེ་ཚོགས་ཐེངས་ ༧ ལ་ཆ་བགོས་ཀྱིས་ཁྱོན་ཉིན་གྲངས་ ༤ རིང་འཚོག་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡང་ཁོང་གིས། སྲིད་བྱུས་ཉམས་ཞིབ་ཁང་ངོས་ནས་ལོ་ལྟར་ཡོངས་ཁྱབ་ཐོག་ན་གཞོན་ཉམས་ཞིབ་པའི་ཚོགས་འདུར་མཉམ་ཞུགས་དགོས་པའི་གསལ་བསྒྲགས་སྤེལ་གྱི་ཡོད་པ་དང་། རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པ་དང་། ལྷག་པར་དུ་བུད་མེད་ཉམས་ཞིབ་པ་རྣམ་པ་ཚོགས་འདུར་ཞུགས་གལ་ཆེ་སྐོར་དང་། འདི་ལོའི་ཚོགས་འདུའི་ནང་བུད་མེད་གཅིག་རྐྱང་བྱུང་མེད་པ་དང་། དུས་རྒྱུན་དུ་བུད་མེད་མཉམ་ཞུགས་བྱེད་མཁན་དཀོན་པོ་ཡིན་སྟབས། འབྱུང་འགྱུར་བུད་མེད་ཉམས་ཞིབ་པ་གང་མང་མཉམ་ཞུགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཐེངས་འདིའི་ཉིན་གྲངས་༤ རིང་གི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པའི་སྐོར་དང་། ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གྱི་གཤིབ་བསྡུར། དེ་བཞིན་རྩོམ་རིག་དང་འབྲེལ་ནས་བོོད་ཀྱི་ལོ་རྒྱུས་ཁྲོད་ཐུ་བྷོད་རྩོམ་རིག་གི་ཁ་ཕྱོགས་དང་གནས་བབ་སྐོར། གཞན་ཡང་། བོད་ཀྱི་རྩོམ་རིག་ལས་ཉམས་ཀྱི་རྣམ་གཞག་དང་། ད་དུང་བོད་ཀྱི་ས་འབྲེལ་ཧི་མ་ལ་ཡའི་སྤྱི་ཏི་བུ་ཆེན་གྱི་གྲི་རྩེད་སྐོར་དང་། བོད་ཀྱི་ས་ཁམས་དང་། བོད་ཀྱི་གཙང་པོ། དེ་བཞིན་དབྱར་རྩྭ་དགུན་འབུ་སོགས་ཀྱི་སྐོར་ལ་ཉམས་ཞིབ་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༠༩

Leave a Reply