ཏོག་ནད་སྔོན་འགོག་སྨན་ཁབ་ཅིག་ལེགས་འགྲུབ་འབྱུང་གྲབས་འདུག  

ད་ལྟའི་ཆར་འཛམ་གླིང་ནང་ཏོག་ནད་སྨན་ཁབ་ ༡༠ ཚོད་ལྟ་རིམ་པ་གསུམ་པར་བསླེབས་ཡོད་པ་མ་ཟད་ཏོག་ནད་སྨན་ཁབ་(BNT162b2)ཞེས་པ་ཞིག་ཚོད་ལྟ་རིམ་པ་ ༣ པ་བྱས་ཏེ་བརྒྱ་ཆ་ ༩༠ ནུས་པ་ཐོན་གྱི་ཡོད་པའི་གསལ་བསྒྲགས་སྤེལ་འདུག ཁ་སང་ཕྱི་ཚེས་ ༩ ཉིན། བྷི་བྷི་སི་དང་རའོ་ཊར་སོགས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཧྥེ་ཛར་(Pfizer)སྨན་རྫས་བཟོ་གྲྭ་དང་རྗར་མན་(German biotech)སྨན་རྫས་བཟོ་གྲྭ་གཉིས་ཀྱིས། མཉམ་འབྲེལ་བཟོ་སྐྲུན་བྱེད་བཞིན་པའི་ཏོག་ནད་སྔོན་འགོག་སྨན་ཁབ་(BNT162b2)ཞེས་པ། མཐའ་མའི་ཚོད་ལྟ་རིམ་པ་ ༣ པ་བྱས་ཏེ་ཏོག་ནད་སྔོན་འགོག་ཐད་བརྒྱ་ཆ་ ༩༠ ནུས་པ་ཐོན་གྱི་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། སྔོན་འགོག་སྨན་ཁབ་དེ་ཕྱི་ཟླ ༡༡ པའི་ཟླ་མཇུག་ཙམ་ལ་ཨ་རི་སོགས་སུ་ཛ་དྲག་ངང་མི་མང་ཁྲོད་དངོས་སུ་བཀོལ་ཆོག་པའི་རེ་བ་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ཐད་ཧྥེ་ཛར་སྨན་རྫས་བཟོ་གྲྭས་འགན་འཛིན་སྐུ་ཞབས་ཨལ་བྷིར་ཊི་བྷོར་ལ(Albert Bourla)ལགས་ཀྱིས། དེ་རིང་ནི་འགྲོ་བ་མིའི་རིགས་དང་ཚན་རིག་པ་ཚོར་རླབས་ཆེ་བའི་ཉིན་མོ་ཞིག་ཆགས་ཡོད་པ་དང་། ང་ཚོའི་སྔོན་འགོག་སྨན་ཁབ་ཀྱི་རིམ་པ་གསུམ་པའི་བརྟག་དཔྱད་ལ་ཐོག་མ་ནས་གྲུབ་འབྲས་ལེགས་པོ་ཐོན་ཡོད་པ་མ་ཟད། ཏོག་ནད་སྔོན་འགོག་ཐད་ནུས་པ་ཆེན་པོ་ཐོན་པ་དང་ཞོར་སྐྱོན་སོགས་མེད་པའི་དཔང་རྟགས་བྱུང་ཡོད་ལ། འཛམ་གླིང་ཡོངས་སུ་ཏོག་ནད་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་སྐབས་འདིར། ང་ཚོའི་ངོས་ནས་གོ་ལ་ཡོངས་སུ་ཁྱབ་པའི་རིམས་ནད་དཀའ་ངལ་སེར་ཐུབ་པའི་གོམས་སྟབས་ཇེ་ཉེར་སོང་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་ང་ཚོས་འགོག་སྨན་ལེགས་འགྲུབ་ཀྱི་འགག་རྩའི་དུས་ལ་ཐོན་ཡོད་པ་དང་། སྨན་ཁབ་ལེགས་འགྲུབ་བྱུང་ལ་ཉེ་བའི་སྐབས་དང་བསྟུན་འཛམ་གླིང་ཡོངས་སུ་ཏོག་ནད་ཀྱི་གྲངས་ཚད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། འགོག་སྨན་དེ་འཛམ་གླིང་ཡོངས་སུ་ཧ་ཅང་དགོས་མཁོ་ཆེ་བའི་དུས་ཤིག་ལ་ཐོན་ཡོད་པ་དང་། མ་འོངས་པའི་གཟའ་འཁོར་འགའི་ནང་ང་ཚོས་སྔོན་འགོག་སྨན་ཁབ་ཚོད་ལྟའི་ཁྲོད་ཞུགས་མཁན། མི་གྲངས་སྟོང་ཕྲག་མང་པོ་ནས་འགོག་སྨན་གྱི་བདེ་འཇགས་རང་བཞིན་དང་དེ་ལས་ཆེ་བའི་ནུས་པ་ཐོན་རྒྱུར་སྒུག་ནས་ཡོད་ལ། གོ་སྐབས་འདི་བརྒྱུད་ནས་འགོག་སྨན་ཁྲོད་ཞུགས་མཁན་མི་གྲངས་སྟོང་ཕྲག་མང་པོར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། མི་མང་དེ་དག་གིས་བློས་གཏོང་དེ་དག་མེད་ན་དེ་རིང་གི་ཉིན་མོ་འདི་ལྟ་བུ་ཞིག་ཡོང་མི་སྲིད་སྐོར་སོགས་བརྗོད་ཡོད་འདུགདེ་བཞིན་སྨན་རྫས་བཟོ་གྲྭ་གཉིས་ནས་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འགོག་སྨན་བཟོ་སྐྲུན་དང་བརྟག་དཔྱད་རིམས་པའི་ཁྲོད་མི་ལ་དངོས་སུ་གནོད་སྐྱོན་བྱུང་རིགས་གཅིག་ཀྱང་ཐོན་མེད་པ་དང་། ད་ལྟའི་ཆར་བཟོ་གྲྭ་ཁང་གཉིས་ནས་བརྟག་དཔྱད་རིམ་པའི་གྲུབ་དོན་སོགས་ཨ་རིའི་སྨན་རྫས་བརྟག་ཞིབ་ཁང་ལ་ཕུལ་ནས། བཟོ་སྐྲུན་བྱས་པའི་འགོག་ཁབ་ཀྱི་བདེ་འཇགས་དང་སྤུས་ཚད་ལ་ར་སྤྲོད་བྱེད་བཞིན་ཡོད་ལ། ཚོད་དཔག་བྱས་ན་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ཙམ་ནས་ཨ་རི་སོགས་སུ་ཛ་དྲག་ངང་མི་མང་ཁྲོད་དངོས་སུ་བཀོལ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཐེངས་འདིར་ཏོག་ནད་འགོག་ཁབ་བཟོ་སྐྲུན་མཁན་སྨན་རྫས་བཟོ་གྲྭ་གཉིས་ནི། ཏོག་ནད་འགོས་ཁྱབ་འགྲོ་བ་དང་བསྟུན་ཕྱི་ཟླ་ ༡ ཚེས་ ༢༧ ནས་སྔོན་འགོག་སྨན་ཁབ་བཟོ་སྐྲུན་མགོ་ཚུགས་ཏེ། འགོག་སྨན་བཟོ་སྐྲུན་མཁན་ཐོག་མ་དང་འགོག་སྨན་ཚོད་ལྟ་རིམ་པར་ལེགས་འགྲུབ་བྱུང་བའི་གྲས་ཡིན་པ་རེད། བཟོ་གྲྭ་གཉིས་ནས་ད་ལྟའི་བཟོ་སྐྲུན་གནས་བབ་ལ་དཔག་ཏེ་ཕྱི་ལོ་ ༢༠༢༠ ནང་འགོག་སྨན་ས་ཡ་ ༥༠ བཟོ་སྐྲུན་དང་། ཕྱི་ལོ་ ༢༠༢༡ ལོར་ཐེར་འབུམ ༡།༣ བཟོ་སྐྲུན་ཐུབ་པའི་འཆར་གཞི་འདིང་བཞིན་ཡོད་པ་མ་ཟད། འགོག་ཁབ་བརྟག་དཔྱད་གསུམ་པའི་གྲུབ་དོན་དེ་དཔར་སྐྲུན་གྱིས་ཚན་རིག་ཞིབ་འཇུག་པ་ཚོར་འབུལ་རྒྱུ་ཡིན་འདུག

ད་ལྟའི་ཆར་འཛམ་གླིང་ཡོངས་སུ་ཏོག་ནད་སྔོན་འགོག་སྨན་ཁབ་ ༡༠༠ ལྷག་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ ༡༠ ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་བསྒྲགས་པའི་གནས་ཚུལ་ནང་། ད་བར་འཛམ་གླིང་ཡོངས་སུ་ཏོག་ནད་སྔོན་འགོག་སྨན་ཁབ་ ༤༢ དངོས་སུ་མིའི་ལུས་པ་ཚོད་ལྟ་བྱས་ཡོད་པ་དང་། དེ་དག་ལས་འགོག་སྨན་ ༡༠ ཡིས་ཚོད་ལྟ་རིམ་པ་གསུམ་བར་བྱུང་ཡོད་པ་དང་། ཏོག་ནད་སྨན་ཁབ་ཁྲོད་ཚོད་ལྟ་རིམ་པར་བྱས་ཏེ་ཉེ་ཤོས་སུ་འགྱུར་བཞིན་པ་ཨ་རིའི་(US biotech firm Moderna)བཟོ་གྲྭ་དང་། དབྱིན་ཡུལ་ཨོག་སི་ཧྥར་ཊི་གཙུག་ལག་སློབ་གཉེར་ཁང་དང་(AstraZeneca)བཟོ་གྲྭ་ཁང་གཉིས་ཀྱི་འགོག་སྨན། དེ་བཞིན་རྒྱ་ནག་གཞུང་འབྲེལ་འོག་བཟོ་སྐྲུན་བྱེད་བཞིན་པའི་འགོག་སྨན་ཁག་ཅིག་བཅས་ཡིན་པ་དང་། ཨུ་རུ་སུས་འགོག་སྨན་གཉིས་ཀྱི་ཚོད་ལྟ་ཆ་ཚང་མ་ཚར་སྔོན་ཕྱིར་བསྒྲགས་དང་ཐོ་འགོད་བྱས་ཡོད་ཀྱང་། འཛམ་གླིང་ཡོངས་སུ་ཨུ་རུ་སུའི་འགོག་ཁབ་ལ་ཡིད་ཆེས་ཁྱབ་ཆེན་པོ་བྱེད་ཀྱི་མེད་པ་རེད།

བསྐྱར་བཅོས།: ༢༠༢༠/༡༡/༡༠

Leave a Reply