རྒྱ་ནག་གིས་ད་དུང་ཨ་རིའི་སྲིད་འཛིན་གསར་པར་འཚམས་འདྲི་ཞུས་མི་འདུག

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཞི་ཅིན་ཕིན་གྱིས་ད་དུང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་རྗོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་མ་ཞུས་པ་དེ་རྒྱ་ནག་གཞུང་གིས་ཨ་རིའི་འོས་བསྡུར་ཐེ་བྱུས་བྱེད་ཀྱི་ཡོད་པའི་གླེང་ཕྱོགས་ལ་བདེན་ཁ་མི་སྤྲོད་པའི་ཆེད་དུ་ཡིན་སྐོར་རྗོད་ཀྱི་འདུགཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རི་དང་རྒྱལ་སྤྱིའི་གསར་ཁང་ཕལ་ཆེ་བས་རྗོ་བྷའེ་ཌིན་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཟིན་པའི་མངོན་དཔག་བྱས་ཟིན་པ་ལྟར། ད་བར་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ཁ་ན་ཌ་གཙོས་པའི་རྒྱལ་ཁབ་ཕལ་ཆེ་བའི་དབུ་འཁྲིད་ཚོས་རྗོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་ཞུས་ཡོད་ཀྱང་། ཁ་སང་རྒྱ་ནག་གིས་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དེ་ཨ་རིའི་ཁྲིམས་སྒྲིག་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཞིག་ཡིན་སྐོར་བརྗོད་དེ་འཚམས་འདྲི་ཞུས་མེད་པ་རེད། ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་དེ་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བསྡུས་ཡོད་ཅིང་། ཚེས་ ༩ ཉིན་ཊོམ་ཕུ་མཆོག་ལ་རྒྱལ་ཁ་ཐོབ་པའི་མངོན་དཔག་བྱས་པ་ལྟར། ཉིན་དེ་རང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཊོམ་ཕུ་ལ་འཚམས་ཞུས་ཡོད་པ་རེད།

ཁ་སང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། སི་ཨིན་ཨིན་གྱི་གསར་འགོད་པ་ཞིག་གིས་རྒྱ་ནག་གིས་ད་དུང་རྗོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་ཞུས་མེད་པའི་རྒྱུ་མཚན་ཅི་ཡིན་དང་། རྒྱ་ནག་གིས་ཨ་རིའི་འོས་བསྡུའི་གྲུབ་འབྲས་དེ་ད་དུང་ཐག་ཆོད་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་མེད་དྲིས་པར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཕྱི་འབྲེལ་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) ཟེར་བ་དེས། ང་ཚོར་ཤེས་རྟོགས་བྱུང་བ་ལྟར་ན། རྗོ་བྷའེ་ཌིན་གྱིས་རང་ཉིད་ལ་རྒྱལ་ཁབ་ཐོབ་ཟིན་པའི་གསལ་བསྒྲགས་བྱས་ཚར་ཡོད་འདུག ང་ཚོས་བལྟས་ན། ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དེ་ཨ་རིའི་ཁྲིམས་སྒྲིག་དང་འོས་བསྡུའི་བརྒྱུད་རིམ་ལ་གཞིར་བཞག་ནས་ཐག་གཅོད་བྱ་རྒྱུ་ཞིག་རེད། ཅེས་དང་། འཚམས་འདྲི་ཞུ་ཕྱོགས་ཐད་རྒྱ་ནག་ངོས་ནས་རྒྱལ་སྤྱིའི་ལམ་སྲོལ་ལྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ད་ལྟ་ཨ་རིའི་མངའ་སྡེ་འགའ་ཤས་ནང་ད་དུང་འོས་ཤོག་གྲངས་བཤེར་བྱེད་མུས་ཡིན་པས་འོས་བསྡུ་དེ་ཡོངས་སུ་མཇུག་བསྒྲིལ་མེད་ལ། དེའི་བར་གཞུང་འབྲེལ་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཀྱང་བྱ་མི་སྲིད། འོན་ཀྱང་དུས་རྒྱུན་ཨ་རིའི་གསར་ཁང་ཆེ་ཁག་རྣམས་ཀྱིས་མངའ་སྡེ་སོ་སོའི་གཞུང་འབྲེལ་གྲངས་བཤེར་ལ་གཞིར་བཟུང་སྟེ། འོས་མི་གང་རུང་ལ་འོས་འདེམས་འཐུས་ཚོགས་ ( Electoral College) ཀྱི་ཉུང་མཐའི་འོས་ཤོག་ ༢༧༠ ལོངས་བ་ཤེས་རྟོགས་བྱུང་མཚམས། འོས་མི་དེ་ཉིད་མ་འོངས་ཨ་རིའི་སྲིད་འཛིན་དུ་གསལ་བསྒྲགས་གནང་སྲོལ་ཡོད་པ་ལྟར། འགྲན་ཡ་འོས་མི་གཙོས་པའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོས་དེ་ཉིད་ཚད་མར་བཟུང་སྟེ། གཞུང་འབྲེལ་གསལ་བསྒྲགས་ལ་མ་སྒུག་པར་འོས་འདེམས་སྲིད་འཛིན་དེར་འཚམས་འདྲི་ཞུ་ཡི་ཡོད།ཁ་སང་གི་གསར་འགོད་གསལ་བསྒྲགས་སྟེང་རྗོ་བྷའེ་ཌིན་མཆོག་གིས་སྣེ་ཁྲིད་པའི་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སྐོར་དྲིས་པར་ཝང་ཝིན་པིན་ཟེར་བ་དེས། རྒྱ་ནག་ངོས་ནས་རང་གི་རྒྱལ་ཁོངས་བདག་དབང་དང་། བདེ་འཇགས། ཁེ་དབང་ཁག་སྲུང་སྐྱོབ་བྱ་ངེས་ཡིན་པ་དང་། རྒྱ་ནག་ངོས་ནས་ཕྱོགས་གཉིས་ཀྱིས་ཕུན་ཚུན་ལ་བརྩི་བཀུར་དང་། ཕན་ཚུལ་གྱི་ནང་སྲིད་ལ་ཐེ་བྱུས་མེད་པའི་ཐོག་ནས་གནད་དོན་རྣམས་སེལ་ཏེ། ཨ་རྒྱའི་འབྲེལ་ལམ་དེ་ཡར་རྒྱས་གཏོང་དགོས་པར་འདོད་ཀྱི་ཡོད། ང་ཚོས་ཨ་རིའི་འཛིན་སྐྱོང་ངོས་ནས་ཀྱང་དེ་ལྟར་བྱ་རྒྱུའི་རེ་བ་འདོན་གྱི་ཡོད། ཅེས་བརྗོད་ཡོད་འདུག

འདི་ལོའི་སྲིད་འཛིན་འོས་བསྡུ་དང་མི་འདྲ་བར། ཕྱི་ལོ་ ༢༠༡༦ ལོར་དམངས་གཙོ་ཚོགས་པའི་འོས་མི་ཧེ་ལ་རེ་ཁི་ལིན་ཊོན་ (Hillary Clinton)མཆོག་གིས་འོས་བསྡུའི་རྒྱལ་ཕམ་ཁས་བླངས་པ་མ་ཟད། ཊོམ་ཕུ་མཆོག་ལ་འཚམས་འདྲི་གནང་ཡོད་པ་རེད། འོན་ཀྱང་། ད་ལན་ཊོམ་ཕུ་མཆོག་ནས་འོས་བསྡུའི་གྲུབ་འབྲས་མ་ཐོན་གོང་ནས་ཁོང་ལ་ཐོབ་ཟིན་པའི་གསལ་བསྒྲགས་གནང་ཡོད་པ་མ་ཟད། མངའ་སྡེ་རེ་ཟུང་གི་འོས་ཤོག་གྲངས་བཤེར་བསྐྱར་དུ་བྱེད་དགོས་པ་དང་། ཡང་མངའ་སྡེ་ག་གེ་མོའི་ནང་འོས་ཤོག་གྲངས་བཤེར་མཚམས་འཇོག་དགོས་པ། སྦྲག་ཐོག་འོས་ཤོག་དེ་དྲང་བདེན་བྱུང་མེད་པ་སོགས་གནད་དོན་མང་པོའི་ཐོག འདི་ལོའི་སྲིད་འཛིན་འོས་བསྡུ་དེ་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐྱལ་ཡོད་ཀྱང་། འོས་བསྡུ་དབྱེ་ཞིབ་པས་ཊོམ་ཕུ་མཆོག་ནས་ད་བར་སྐྱོན་འཛུགས་བྱས་པའི་དོན་གནས་ཁག་ལ་དཔང་རྟགས་མེད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་ངང་སྒུག་བྱ་རྒྱུ་ཡིན་ཞེས་བཤད་མེད་པར། རྒྱལ་སྤྱིའི་ལམ་སྲོལ་ལྟར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ཊོམ་ཕུ་མཆོག་གི་འཛིན་སྐྱོང་གི་མཐུན་ཕྱོགས་རྒྱལ་ཁབ་ཧྥ་རན་སིའི་སྲིད་འཛིན་མེ་ཁོ་རོན་(Emmanuel Macron) མཆོག་དང་། འཇར་མ་ནིའི་མར་ཁེལ་ (Angela Merkel)མཆོག། དབྱིན་ཡུལ་གྱི་བྷོ་རི་སི་ཇོན་སོན་ (Boris Johnson)མཆོག། སོ་དྷིའི་རྒྱལ་པོ་སཱལ་མཱན་(King Salman)མཆོག་བཅས་དང་། ཨེ་ཤ་ཡའི་ཁུལ་ནས་ཀྱང་ཨོ་གླིང་གི་སྲིད་བློན་མོ་རི་སོན་(Scott Morrison)མཆོག་དང། ཉི་ཧོང་གི་སྲིད་འཛིན་ཡོ་ཤི་ཧེ་དྷི་སོ་གྷ་(Yoshihide Suga)མཆོག། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་། པཱ་ཀི་སི་ཐན་གྱི་ཨིམ་རཱན་ཁཱན་མཆོག་སོགས་ཀྱིས་འཚམས་འདྲི་ཞུས་ཟིན་ཡོད་འདུགདབྱེ་ཞིབ་པས་ཞི་ཅིན་ཕིན་གྱིས་ད་དུང་རྗོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་མ་ཞུས་པར་ཁུ་སིམ་མེར་བསྡད་པ་དེ་ནི་ཆབ་སྲིད་ཀྱི་རྣམ་འགྱུར་ཆེན་པོ་ཞིག་ཡིན་སྐོར་དང་། འོས་བསྡུའི་དྲིལ་བསྒྲགས་ཀྱི་བརྒྱུད་རིམ་ཁྲོད་རྗོ་བྷའེ་ཌིན་མཆོག་གིས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་དེ། ལས་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་དང་རྣམ་པའི་ཆ་ནས་མི་འདྲ་བ་ཙམ་ལས། རྒྱ་ནག་ལ་མཁྲེགས་པོའི་སྲིད་བྱུས་གཟུང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། དབྱེ་ཞིབ་པས་རྒྱ་ནག་ལ་མཚོན་ན། ད་ལྟ་འཚམས་འདྲི་ཞུ་རྒྱུ་ལས་ཁུ་སིམ་མེར་འདུག་རྒྱུར་ཁེ་ཕན་ཆེ་བར་ཡོད་སྐོར་རྗོད་ཀྱིན་འདུག དེ་ཡང་ད་ལྟའི་ཆར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་ཁྲོད་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་བསམ་བློ་དེ་ཤུགས་ཆེན་པོ་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གིས་ཨ་རིའི་འོས་བསྡུའི་ནང་ཐེ་བྱུས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་སྟབས། གལ་ཏེ་ད་ལྟ་ཞི་ཅིན་ཕིན་གྱིས་འཚམས་འདྲི་ཞུས་ཚེ། རྒྱ་ནག་གིས་རྗོ་བྷའེ་ཌིན་ཀྱི་ཕྱོགས་བྱེད་ཀྱི་ཡོད་པའི་རྣམ་པ་མངོན་གསལ་དོད་པོ་ཆགས་ཀྱི་ཡོད་སྐོར་རྗོད་ཀྱིན་འདུག

ད་ལྟའི་ཆར་ཨུ་རུ་སུས་ཀྱང་ཨ་རིའི་སྲིད་འཛིན་འོས་བསྡུའི་གཞུང་འབྲེལ་གྲུབ་འབྲས་ལ་ངང་སྒུག་བྱ་རྒྱུ་ཡིན་སྐོར་བརྗོད་དེ། རྗོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་ཞུས་མེད། དེར་མཚུངས་ཊར་ཀིའི་སྲིད་འཛིན་ཨེར་ཌོ་གྷན་ (Tayyip Erdogan) དང་། བྷར་ཛིལ་གྱི་སྲིད་འཛིན་ཇེར་བྷོལ་སོ་ནཱ་རོ་(Jair Bolsonaro)། མེག་སི་ཁོའི་སྲིད་འཛིན་ལོ་པེ་ཛི་ (Andrés Manuel López Obrador) བཅས་ཀྱིས་ཀྱང་རྗོ་བྷའེ་ཌིན་མཆོག་དང་། སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་མཆོག་རྣམ་གཉིས་ལ་འཚམས་འདྲི་ཞུས་མེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༠

Leave a Reply

One thought on “རྒྱ་ནག་གིས་ད་དུང་ཨ་རིའི་སྲིད་འཛིན་གསར་པར་འཚམས་འདྲི་ཞུས་མི་འདུག