ཨ་རིའི་རྒྱལ་སྲུང་དྲུང་ཆེ་གནས་དབྱུང་བཏང་།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱལ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ལགས་གནས་དབྱུང་བཏང་སྟེ་ཚབ་ཏུ་རྒྱལ་ཡོངས་དྲག་སྤྱོད་རྒོལ་རྡུང་ལྟེ་གནས་ཁང་གི་འགན་འཛིན་ཁི་རི་སི་ཊོ་ཧྥར་སི་མི་ལར་བསྐོས་ཡོད་འདུགཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྒེར་གྱི་ཊུ་ཝེ་ཊུར་དྲ་ལམ་སྟེང་། རྒྱལ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ (Mark Esper) ལགས་ལ་ལས་མཚམས་འཇོག་ཏུ་བཅུག་ཡོད། ཁོང་གིས་ཕྱག་ལས་གནང་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཅེས་མཱག་ཨེ་སི་པར་རྒྱལ་སྲུང་དྲུང་ཆེ་ནས་གནས་དབྱུང་བཏང་ཡོད་པ་བསྒྲགས་ཏེ། རྒྱལ་ཡོངས་ཀྱི་དྲག་སྤྱོད་རྒོལ་རྡུང་ལྟེ་གནས་ཁང་གི་འགན་འཛིན་ཁི་རི་སི་ཊོ་ཧྥར་སི་མི་ལར་ (Christopher C. Miller) ལགས་རྒྱལ་སྲུང་དྲུང་ཆེའི་ལས་ཚབ་ཏུ་་བསྐོས་ཡོད་པས། འཕྲལ་དུ་ལས་འཁུར་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱལ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ (Mark Esper) ལགས་གནས་དབྱུང་བཏང་བར་བརྟེན། དགོངས་ཞུའི་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་། ཁོང་གིས་ཨ་རིའི་བདེ་སྲུང་ལས་ཁུངས་ནང་ཟླ་ ༡༨ རིང་ལས་འཁུར་བྱས་ཏེ་གྲུབ་འབྲས་སོན་ཡོད་པར་དགའ་སྤོབས་ཡོད་སྐོར་དང་། ཨ་རིའི་དམག་སྡེའི་ཁོངས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག ཡང་ཁོང་གིས། ངས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གུས་བརྩི་བྱས་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབས་ཡོད་སྟབས། ངས་རང་ཉིད་ཀྱི་ལས་ཚབ་ཏུ་གཞན་བསྐོ་བར་ངོས་ལེན་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༩ ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་དྲག་སྤྱོད་རྒོལ་རྡུང་ལྟེ་གནས་ཁང་གི་འགན་འཛིན་ཁི་རི་སི་ཊོ་ཧྥར་སི་མི་ལར་ (Christopher C. Miller) ལགས་རྒྱལ་སྲུང་དྲུང་ཆེའི་ལས་ཚབ་ཏུ་གནང་ཡོད་འདུགརྒྱལ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ལགས་གནས་དབྱུང་བཏང་བའི་ཐད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་གིས། སྲིད་འཛིན་ཊོམ་ཕུ་མཆོག་གི་ཐག་གཅོད་དེར་སྐྱོན་བརྗོད་གནང་འདུག་ལ། གློ་བུར་དུ་རྒྱལ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ (Mark Esper) ལགས་གནས་དབྱུང་བཏང་བ་དེ་ནི་སྲིད་འཛིན་ཊོམ་ཕུ་ཡིས་ཁོང་གི་སྲིད་འཛིན་གྱི་ལས་ཡུན་ལྷག་མའི་རིང་། ཨ་རིའི་དམངས་གཙོའི་སྲིད་གཞུང་དང་འཛམ་གླིང་ཁྱོན་ཡོངས་སུ་རྙོག་ཟིང་བཟོ་བའི་ཀུན་སློང་ཡོད་པའི་དཔང་རྟགས་ཤིག་ཡིན་པ་རེད། ཅེས་གསུངས་འདུག

འདི་ལོའི་ལོ་འགོར་མི་རིགས་ནག་པོ་ཨ་རིའི་མི་སེར་ཇོར་ཇི་ཧྥི་ལོཌ་ (George Floyd) རྐྱེན་འདས་སུ་བཏང་རྗེས། རྒྱལ་ཡོངས་སུ་ཨ་རིའི་མི་མང་གིས་ཉེན་རྟོག་མི་སྣར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཊོམ་ཕུ་མཆོག་གིས་དྲག་དམག་སྤྱད་དེ་ངོ་རྒོལ་ཞི་འཇགས་གཏོང་རྒྱུའི་གྲོས་གཞི་བཏོན་པར་དྲུང་ཆེ་མཱག་ཨེ་སི་པར་ལགས་ཀྱིས། དྲག་དམག་སྤྱོད་དགོས་ངེས་ཤིག་མིན་སྐོར་བརྗོད་ཡོད་པར་བརྟེན། གནད་དོན་དབྱེ་ཞིབ་པས་ཁོང་གཉིས་ཀྱི་བར་འགལ་ཟླ་འབྱུང་བཞིན་པའི་ཚོད་དཔག་བྱས་ཡོད་པ་དང་། ཕྱིས་སུ་སྲིད་འཛིན་ཊོམ་ཕུ་མཆོག་གིས་བྱང་ཨ་རིའི་མནའ་འབྲེལ་མཐུན་ཚོགས་ལ་མཉམ་འབྲེལ་བྱེད་པའི་འདོད་མོས་དེ་ཙམ་མེད་པའི་རྣམ་འགྱུར་བསྟན་པ་ལ་བརྟེན། ཕྱོགས་གཉིས་ཀྱི་འགལ་བ་ཆེ་རུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

སྲིད་འཛིན་ཊོམ་ཕུ་མཆོག་གིས་ཁོང་གི་ལམ་སྟོན་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་མང་པོ་ཞིག་གནས་དབྱུང་བཏང་ཡོད་པ་རེད་ལ། གནས་ཚུལ་དེ་དག་ཁོང་སྒེར་གྱི་ཊུ་ཝེ་ཊུར་སྤྱི་ཚོགས་དྲ་ལམ་བརྒྱུད་བསྒྲགས་ཡོད་པ་རེད། སྐབས་སྔོན་མའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇེམ་སི་མེ་ཊི་སི་ (James Mattis) ལགས་ཀྱང་ཕྱི་ལོ་ ༢༠༡༨ ལོར་ཊོམ་ཕུ་སྲིད་གཞུང་དང་ཁོང་གཉིས་བར་སི་རི་ཡའི་དམག་དོན་དང་ཨ་རིའི་མི་རིགས་ཀྱི་གནད་དོན་ཐད་ལངས་ཕྱོགས་ལ་འགལ་ཟླ་ཆེན་པོ་བྱུང་བར་བརྟེན་གནས་དབྱུང་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་།  སྐབས་དེར་ཇེམ་སི་མེ་ཊི་སི་ལགས་ཀྱིས། ངའི་མི་ཚེ་ཧྲིལ་བོའི་ནང་ཊོམ་ཕུ་ནི་ཨ་རིའི་མི་མང་གཅིག་སྒྲིལ་བྱེད་ཐབས་མི་བྱེད་མཁན་གྱི་སྲིད་འཛིན་ཁོ་ན་དེ་ཡིན་པ་དང་། ཐ་ན་ཆིག་སྒྲིལ་ཡོང་ཐབས་སུ་འབད་བརྩོན་ཙམ་ཡང་མི་བྱེད་མཁན་དེ་ཡིན། དེ་ལས་ལྡོག་སྟེ་ཁོང་གིས་ང་ཚོའི་བར་འགལ་ཟླ་བཟོ་ཡི་འདུག ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༠

Leave a Reply