ཇི་ནི་ཝའི་བོད་དོན་སྐོར་གྱི་ལྷན་ཚོགས་ཐེངས་ ༣ པ་མགོ་འཛུགས་གནང་།

སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་རྒྱ་ནག་གཞུང་གི་དྲག་གནོན་འོག་གནས་པའི་ཆོས་དད་རང་དབང་ཞེས་པའི་བརྗོད་གཞིའི་ཐོག་འདི་ལོའི་ཇི་ནི་ཝའི་བོད་དོན་སྐོར་གྱི་ལྷན་ཚོགས་ཐེངས་གསུམ་པ་འཚོག་བཞིན་འདུགཁ་སང་ཕྱི་ཚེས་ ༩ ཉིན་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་དང་། ཇི་ནི་ཝ་བོད་ཀྱི་འགྲོ་བ་མིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱི་གཙོ་སྐྱོང་འོག  ཉིན་ ༥ རིང་གི་ཇི་ནི་ཝ་ལྷན་ཚོགས་ཐེངས་ ༣ པ་མགོ་འཛུགས་གནང་ཡོད་པ་དང་། ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་རྒྱ་གར་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག དེ་བཞིན། ཨོ་གླིང་སོགས་ཀྱི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་ལས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་གི་ཉམས་ཞིབ་པ་དང་རང་དབང་ཅན་གྱི་གསར་འགོད་པ་དང་གནད་ཡོད་མི་སྣ་བཅས་འཛོམས་ཡོད་འདུག

ཐོག་མར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་སྟེ་མི་འབོར་སྟོང་ཕྲག་མང་པོའི་སྲོག་ཤོར་བ་དང་ས་ཡ་མང་པོར་གནོད་སྐྱོན་ཐེབས་པ། དེ་བཞིན འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་སླད་འགྲོ་གྲོན་འབོར་ཆེན་གཏོང་དགོས་བྱུང་བ་དང་། འཛམ་གླིང་གི་བྱ་བཞག་ཡོད་ཚད་སྔར་རྒྱུན་ལྟར་འགྲོ་ཐུབ་ཀྱི་མེད་པས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདི་རྒྱ་ནག་གི་མགོ་རྙོག་བཟོ་ཐབས་ཤིག་ཡིན་པར་བརྟེན། ང་ཚོའི་འོས་འགན་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགན་ལེན་བྱེད་དུ་འཇུག་དགོས་པ་སོགས་ཀྱི་རྒྱུ་རྐྱེན་འོག འདི་ལོའི་ཇི་ནི་ཝའི་ལྷན་ཚོགས་རྩིས་མེད་དུ་མ་བཏང་བར་དྲ་ལམ་བརྒྱུད་ཚོགས་གཏན་འཁེལ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གཙོས་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གཞིར་བཞག་ཐོག ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་སོགས་རྒྱ་ནག་གི་བཙན་འོག་ཏུ་གནས་པའི་གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་རང་དབང་ལ་རྡོག་རོལ་ཤུགས་ཆེན་གཏོང་གི་ཡོད་སྟབས། འདི་ལོའི་ཇི་ནི་ཝ་ལྷན་ཚོགས་ཀྱི་བརྗོད་གཞི་ནི་རྒྱ་ནག་གཞུང་གི་དྲག་གནོན་འོག་གནས་པའི་ཆོས་དད་རང་དབང་ཞེས་པ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་དོན་དང་འབྲེལ་བའི་དཔེ་ཆ་ཞིག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐད་ཡིག་ཏུ་བསྒྱུར་བ་ཞིག་དབུ་འབྱེད་གནང་བ་དང་སྦྲགས། ཇི་ནི་ཝ་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལྷན་ཚོགས་འདི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ནས། དངོས་འབྲེལ་བྱས་ན་དེ་རིང་ང་ཚོ་མཛེས་སྡུག་ལྡན་པའི་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་གདོང་དང་གདོང་ཐུག་སྟེ་ལག་འཇུ་དང་འཐམ་འཁྱུད་སོགས་ཀྱི་ལམ་ནས་མཉམ་འཛོམས་བྱེད་ཀྱི་ཡོད་མོད། འོན་ཀྱང་། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡོངས་ལ་དཀའ་ངལ་ཤུགས་ཆེན་བཟོས་ཡོད་པ་དང་། དེ་ནི་དཔལ་འབྱོར་གྱི་དཀའ་ངལ་ཁོ་ན་ཙམ་མ་ཡིན་པར་སྤྱི་ཚོགས་དང་མིའི་རིགས་ཀྱི་སེམས་ཁམས་ལའང་དཀའ་ངལ་ཚབས་ཆེན་བཟོས་ཡོད། དེར་བརྟེན། དེ་རིང་ང་ཚོ་དངོས་སུ་ཐུག་མ་ཐུབ་ནའང་རྣམ་པ་ཚོས་དུས་རྒྱུན་དང་དེ་རིང་ཡང་དྲ་ལམ་བརྒྱུད་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་གསུངས་སོང་།

ཡང་ཚོགས་འདུའི་བརྗོད་གཞི་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས། ང་ཚོས་ཕྱི་ལོ་ ༢༠༡༦ ལོར་ཇི་ནི་ཝ་ལྷན་ཚོགས་སྐོར་ལ་གྲོས་བསྡུར་བྱས་པ་དང་ཕྱི་ལོ་ ༢༠༡༧ ལོར་འཆར་གཞི་བསྒྲིགས་པ་ཡིན། སྐབས་དེར་འཛམ་གླིང་རྒྱལ་ཁབ་མང་པོས་ཚོང་འབྲེལ་གཙོ་བོར་བཞག་པའི་ཐོག་ནས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པས་ལས་ཀ་ཡག་པོ་བྱེད་པ་ལས་སྡུག་ག་བྱེད་ཀྱི་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད། བོད་ཀྱི་གནད་དོན་ནི་ངོས་ལེན་བྱེད་ཐུབ་པ་ཞིག་ཡིན་རུང་། ཁོ་ཚོས་རྒྱ་ནག་དང་ལྷན་དུ་རྒྱལ་འབྲེལ་དང་ཚོང་འབྲེལ་བཙུགས་ཡོད། སྐབས་དེར་ངས་ཇི་ནི་ཝའི་ལྷན་ཚོགས་ཐོག་བཤད་རྒྱུ་བྱུང་། ང་ཚོས་རྒྱ་ནག་ལ་འགྱུར་བ་མ་གཏང་ཚེ། རྒྱ་ནག་གིས་ང་ཚོར་འགྱུར་བ་གཏོང་གི་རེད། ཅེས་བཤད་ཡོད། དེར་བརྟེན། རྒྱ་ནག་ནི་བོད་མི་ས་ཡ་དྲུག་གི་དཀའ་ངལ་ཙམ་མ་ཡིན་པར་འཛམ་གླིང་གི་དཀའ་ངལ་ཞིག་ཆགས་ཀྱི་ཡོད། རྒྱུ་མཚན་ནི་རྒྱ་ནག་གི་ལས་སྟངས་བྱེད་སྟངས་ཀྱིས་འཛམ་གླིང་ནང་རྙོག་དྲ་བཟོ་ཡི་ཡོད། འོན་ཀྱང་སྐབས་དེར་མི་ཁག་ཅིག་གིས་ང་ནི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་ཚོར་ཤུགས་ཀྱི་དབང་གིས་སྐད་ཆ་དེ་འདྲ་བཤད་པ་རེད་བསམ་ཡོད། འོན་ཀྱང་། ཉེ་བའི་ཟླ་ཤས་གོང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་གིས་ངའི་སྐད་ཆ་དང་གཅིག་མཚུངས་ཤིག་བཤད་ཡོད། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྡེ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས། རྒྱལ་སྤྱིའི་དཔལ་འབྱོར་ལྷན་ཚོགས་སོགས་ཀྱི་ནང་ཐེ་གཏོགས་བྱས་ཏེ། རྒྱ་ནག་གིས་རྒྱལ་ཚོགས་ནང་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་གང་མང་བཙལ་ཏེ་སོ་སོའི་སྟོབས་ཤུགས་རྒྱ་སྐྱེད་དང་མངོན་འདོད་སྒྲུབ་ཐབས།  འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་བསྒྱུར་བཅོས་གཏོང་ཐབས་སོགས་བྱེད་ཀྱི་ཡོད་པས། རྒྱ་ནག་འདི་འཛམ་གླིང་ལ་ཉེན་ཁ་ཅན་ཞིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་ནང་བཀྲེས་ལྟོགས་ཀྱི་མནར་བཞིན་པའི་དབུལ་ཕོངས་མི་སེར་མང་པོ་ཡོད་པའི་སྐྱོན་བརྗོད་བྱེད་སྐབས། རྒྱ་ནག་གཞུང་གིས་རྒྱ་རིགས་མི་སེར་ས་ཡ་ ༥༠༠ ལྷག་དབུལ་ཕོངས་ཀྱི་གནས་ཚད་ལས་བརྒལ་ཏེ་དཀའ་ངལ་སེལ་ཐུབ་ཡོད་སྐོར་བརྗོད་པར་ཚང་མས་དགའ་བསུ་ཞུས་ཡོད་ཀྱང་། བོད་མི་ཚོར་མཚོན་ན། དབུལ་གྲོལ་དགག་གཏོར་ཟེར་བ་ནི་བོད་ཀྱི་ཞིང་འབྲོག་མང་ཚོགས་ས་ཡ་ཕྱེད་ཀ་ལྷག་བཙན་གྱིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཀོལ་བཞིན་པ་དེ་རེད། ཡུ་གུར་མི་མང་ས་ཡ་གཉིས་དང་ཕྱེད་ཀ་ལྷག་སློབ་གསོ་བསྒྱུར་བཀོད་ཁང་དུ་བཙན་གྱིས་བཅུག་ཡོད་པ་དང་། འདི་དག་ཚང་མ་རྒྱ་ནག་གཞུང་གིས་དབུལ་གྲོལ་དགག་གཏོར་ཟེར་བ་ཁ་ལ་འཁྱེར་ཏེ་སྒྲུབ་ཀྱི་ཡོད་པར་བརྟེན། རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་ཁག་ནས་ཞིབ་འཇུག་བྱེད་སྐབས་རྒྱ་ནག་ལ་གནད་དོན་འདི་དག་ཐོག་ནས་བཙུར་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་། དེའི་རྗེས་སུད་སིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱལ་སྐྱོར་བ་རེ་གྷའོ་ལཱ་ (Regula Rytz)ལགས་ཀྱིས། དེ་རིང་ང་ཚོ་དངོས་སུ་ཐུག་མ་ཐུབ་ནའང་འཕྲུལ་རིག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་དྲ་ལམ་ནས་འཛོམས་ཐུབ་པ་དང་། གལ་ཆེ་བ་ཞིག་ལ་དྲ་ལམ་བརྒྱུད་བོད་དོན་སྐོར་གླེང་སློང་བྱེད་ཐུབ་ཀྱི་ཡོད་པ་རེད། ང་རང་སུད་སིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཞིག་ཀྱང་ཡིན། བོད་ཀྱི་གནད་དོན་ནི་ཁྱེད་རང་སྲིད་དོན་ཚོགས་པ་གང་གི་ཁོངས་གཏོགས་ཡིན་མིན་ལ་ལྟ་རྒྱུ་མིན་པར་སུད་སིའི་གྲོས་ཚོགས་འཐུས་མི་ཚང་མས་འགྲོ་བ་མིའི་གཞི་རྩའི་རིན་ཐང་དང་ཐོབ་ཐང་ལ་བརྩི་བཀུར་བྱེད་བཞིན་ཡོད་པས་ཡིན། ང་ཚོའི་གྲོས་ཚོགས་འཐུས་མི་ཚོས་སྐྱོན་བརྗོད་རིམ་པ་བྱས་པ་ལ་བརྟེན་ནས་ཕྱི་ལོ་ ༡༩༦༠ ཙམ་ནས་ང་ཚོའི་གཞུང་གིས་བོད་ལ་ལྟ་ཕྱོགས་ཐད་འགྱུར་བ་བཏང་ཡོད། ཉེ་བའི་ལོ་མང་རིང་སུད་སི་གཞུང་གིས་བོད་མི་མང་པོ་སྐྱབས་བཅོལ་དུ་བླངས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སུད་སིར་གདན་འདྲེན་ཞུས་ཡོད། ཅེས་དང་། ད་ལྟ་འཛམ་གླིང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། འཛམ་གླིང་ནང་དམངས་གཙོ་གོང་འཕེལ་དང་འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དམིགས་བསལ་བོད་ནང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།ཨི་ཊི་ལིའི་གྲོས་ཚོགས་འཐུས་མི་རའོ་བྷར་ཊི་ (Robert Rampi) ལགས་ཀྱིས། ངས་ནི་ཏོག་དབྱིབས་གཉན་རིམས་ནི་རྒྱ་ནག་གིས་འཛམ་གླིང་ནང་གྲང་དམག་བསླངས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་རྩ་ནི་རང་དབང་དང་འབྲེལ་བ་ཡོད་པ་ཞིག་ཡིན། གལ་སྲིད་རྒྱ་ནག་ནང་རང་དབང་ཡོད་པ་ཡིན་ན་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་མགྱོགས་པོ་སེལ་ཐུབ་ཡོད། འོན་ཀྱང་། རྒྱ་ནག་ནང་རང་དབང་མེད་པའི་གནས་སྟངས་འོག་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པ་དང་། དེ་རིང་ང་ཚོ་ཡང་མཉམ་འཛོམས་མ་ཐུབ་པ་རེད། ད་ལྟའི་རྒྱ་ནག་གི་གནས་སྟངས་འདི་འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་མི་མང་དང་རྒྱའི་རིག་གཞུང་ལ་ཟེར་གྱི་མེད་པར་རྒྱ་ནག་དབང་བསྒྱུར་མཁན་དམར་ཤོག་ཚོགས་པ་ལ་ཟེར་གྱི་ཡོད། ཅེས་དང་། ཁོང་ནི་ཆུང་དུས་ནས་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་ནང་འཕྲད་བཞིན་པའི་གནམ་གཤིས་ཀྱི་དཀའ་ངལ་གཙོས་པའི་འཛམ་གླིང་གི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད་སྐོར་དང་། ༧གོང་ས་མཆོག་གི་བཀའ་དྲིན་འོག་བོད་མི་ཚོ་དམངས་གཙོའི་ལམ་དུ་ཞུགས་བཞིན་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མ་འོངས་པར་བོད་ཕྱི་ནང་གི་བོད་མི་ཚང་མ་དམངས་གཙོའི་ལམ་དུ་ཞུགས་ཐུབ་པ་དང་བོད་ཀྱི་བདེན་མཐའ་གསལ་བར་དམངས་གཙོ་ནི་ལམ་ཁ་ཡག་ཤོས་དེ་ཡིན་སྐོར་གསུངས་སོང་། ཡུ་རོབ་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གོབ་སེ་ཝ་(Frantisek Kopriva)ལགས་ཀྱིས་ཐོག་མར་རང་ཉིད་ཅེག་སྤྱི་མཐུན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པའི་ངོ་སྤྲོད་དང་སྦྲགས། འདས་ལོའི་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༠ པའི་དུས་དྲན་མཛད་སྒོའི་སྟེང་རང་ཉིད་དངོས་སུ་བཞུགས་སྒར་དྷ་སར་ཡོང་སྟེ། བོད་མི་ཚོ་དང་མཉམ་དུ་དུས་དྲན་སྲུང་གཙི་གནང་རྒྱུའི་གོ་སྐབས་བྱུང་སྐོར་གསུངས་པ་དང་འབྲེལ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྔོན་མ་རྒྱ་ནག་ལ་ཡིད་ཆེས་བྱེད་མྱོང་ཡོད་པ་དང་། ཕྱིས་སུ་རྒྱ་ནག་གི་བྱེད་སྟངས་ཁག་ལ་རྒྱུས་ལོན་བྱུང་སྟེ་རྒྱ་ནག་དང་འབྲེལ་འདྲིས་བྱ་རྒྱུ་རྒྱང་ཐག་བཞག་ཡོད་པ་དང་། ད་ལྟ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁྱོན་ ༡༥ ཡོད་པས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེན་པོ་ཡོད། ཅེས་དང་། ཚང་མས་མཐོང་གསལ་ལྟར་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་རྒྱ་ནག་ལྟ་བུས་ཏོག་དབྱིབས་གཉན་རིམས་ལོག་སྤྱོད་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་སོ་སོའི་སྲིད་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད་སྐོར་དང་། གལ་སྲིད་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ཡོད་པ་ཡིན་ན། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བཀག་འགོག་ཐུབ་པ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཇི་ནི་ཝ་ལྷན་ཚོགས་མགོ་འཛུགས་ཀྱི་ལམ་རིམ་ངོ་དེབ་བརྒྱུད་ཐད་གཏོང་གནང་སོང་བ་དང་།  ཐད་གཏོང་ལས་རིམ་སྐབས་རྒྱ་ནག་གི་སྐར་ལྔའི་དྲ་དམག་མང་པོས་མཆན་འདྲ་མིན་བཀོད་དེ་གནོད་སྐྱེལ་ཐབས་བྱས་ཡོད་པ་དང་། མཛད་སྒོ་ཡི་དུས་ཡུན་ཆུ་ཚོད་ ༡ ལྷག་གི་ཐད་གཏོང་ལས་རིམ་ཁྲོད་རྒྱ་ནག་གི་སྐར་ལྔའི་དྲ་དམག་ལ་ལན་འདེབས་གནང་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་མཁན་ཁག་ཅིག་བྱུང་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ་དྲ་ཐོག་ཏུ་ཁྱོན་མཆན་ ༥༦༨༧ བཏབས་པའི་ནང་། ཕྱི་མིས་བོད་ནང་གི་གནས་ཚུལ་ལ་ཇུས་གཏོགས་བྱེད་པའི་ཐོབ་ཐང་མེད་པ་དང་། བོད་ནང་གི་བོད་མི་ཚོ་སྐྱིད་ཐག་ཆོད་ཡོད་སྐོར་སོགས་རྒྱ་ནག་གཞུང་གིས་དུས་རྒྱུན་དྲིལ་བསྒྲགས་བྱེད་བཞིན་པའི་སྐད་ཆ་མང་པོ་ཞིག་མཆན་དུ་བཏབས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༡༠

Leave a Reply