བོད་དོན་སྐོར་གྱི་ཁྲིམས་འཆར་གཏན་འབེབ་ཡོང་སླད་སྲིད་སྐྱོང་མཆོག་ཨ་རིར་ཕེབས་རྒྱུ་རེད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག སྲིད་སྐྱོང་མཆོག་གིས་སང་ཉིན་ཕྱི་ཚེས་ ༡༡ ཉིན་ལྡི་ལི་བརྒྱུད་ཨ་རིར་གཞུང་འབྲེལ་ཕྱོགས་སྐྱོད་གནང་གཏན་ཁེལ་ཡོད་པ་དང་། ཨ་རིའི་ནང་སྲིད་སྐྱོང་མཆོག་ནས་ཨ་རིིའི་འབྲེལ་ཡོད་ལས་ཁུངས་དང་མི་སྣར་ཐུག་འཕྲད་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུང་ཁྲིམས་འཆར་གཏན་འབེབ་ཡོང་ཐབས་གནང་རྒྱུ་ཡིན་པ་དང་། ཨ་རིའི་ནང་གནས་སྡོད་བོད་མི་དང་བོད་དོན་ཚོགས་པ་རྣམས་ཀྱིས་ཀྱང་དེ་ལྟར་གནང་དགོས་པའི་འབོད་སྐུལ་གནང་སོང་།གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་སྲིད་སྐྱོང་མཆོག་ནས་ཨ་རིའི་བདམས་ཐོན་སྲིད་འཛིན་གསར་པར་འཚམས་འདྲི་ཞུས་པ་དང་སྦྲགས། བདམས་ཐོན་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་དང་། བོད་ནང་བོད་མིར་མནར་གཅོད་གཏོང་མཁན་གྱི་རྒྱ་རིགས་དཔོན་པོ་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། སྲིད་འཛིན་འོས་མི་ཡིན་སྐབས་དེ་འདྲ་ཤུགས་ཆེན་པོ་གསུངས་པ་དེ་ཐོག་མ་མིན་ནའང་དཀོན་པོ་ཡིན་སྐོར་དང་། དེ་སྔ་སྤྱི་མཐུན་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་རིམ་པས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡོད་པ་ལྟར། ད་ལན་རྗོ་བྷའེ་ཌིན་མཆོག་གིས་ཐུག་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་པ་དེར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་གསུངས་སོང་བ་དང་། དེ་ནས་སྲིད་སྐྱོང་མཆོག་ནས་སྲིད་འཛིན་ཊོམ་ཕུ་མཆོག་ནི་སྲིད་འཛིན་ལས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྲས་ཡིན་པ་དང་། དཔེར་ན་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་དང་། བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་སྤར་ཆ། དེ་བཞིན་སྲིད་འཛིན་གཞོན་པ་དང་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་དོན་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་པོ་གནང་བ་སོགས། སྲིད་འཛིན་ཊོམ་ཕུ་མཆོག་ནས་བོད་དོན་ཐད་རོགས་སྐྱོར་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཉེ་སྔོན་ཨ་རིའི་གཞུང་གི་དམིགས་བསལ་བོད་དོན་འབྲེལ་མཐུད་པར་ཐུག་འཕྲད་གནང་བའི་ཐད་སྲིད་སྐྱོང་མཆོག་གིས། ཉེ་ཆར་སྲིད་སྐྱོང་ཕྱི་སྲིད་ལྷན་ཁང་དུ་དངོས་སུ་གཞུང་འབྲེལ་ཐོག་ནས་བཅར་ཐུབ་པ་བྱུང་ཡོད་པ་དེ་ནི། ཆབ་སྲིད་ཀྱི་ཐོག་ནས་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་སྔ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཕྱི་སྲིད་ལྷན་ཁང་དུ་གདན་འདྲེན་ཞུས་ཚེ། དེས་ཨ་རིའི་གཞུང་གིས་བཙན་བྱོལ་གཞུང་ཞིག་ངོས་འཛིན་བྱས་པ་ལྟ་བུ་ཆགས་ཀྱི་ཡོད་སྟབས། དེ་ལྟར་ཡོང་ཐབས་མེད་སྐོར་རྗོད་ཀྱི་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ ནང་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་སྐབས། ཨ་རིའི་རྒྱལ་སྤྱིིའི་ཆོས་དད་རང་དབང་གི་ལས་ཁུངས་ཀྱིས་གཙོ་འགན་བཞེས་པའི་ཐོག་ནས་སྲིད་སྐྱོང་མཆོག་ཕྱི་སྲིད་ལྷན་ཁང་དུ་གདན་འདྲེན་ཞུ་ཐབས་བྱས་ཡོད་ཀྱང་། མཐའ་མཇུག་དེར་ཕྱི་སྲིད་ལྷན་ཁང་ཁྱབ་ཁོངས་ཀྱི་ཚན་པ་ཞིག་གིས་དགག་བྱ་བཏོན་པར་བརྟེན་ཕེབས་ཐུབ་མེད་སྐོར་དང་། ཉེ་ཆར་སྲིད་སྐྱོང་ཨ་རིར་བསྐྱོད་པའི་ཟླ་བ་གཉིས་ལྷག་གོང་ནས་ཨ་རིའི་གཞུང་གིས་སྐུ་ཞབས་ཌེ་སི་ཊོ་རོ་ (Robert A. Destro) ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་ལྟར། སྐབས་དེར་བོད་མིིའི་སྒྲིག་འཛུགས་ཀྱིས་ཡིག་ཐོག་ནས་ཨ་རིའི་གཞུང་ལ་དེ་སྔ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་དྲུང་ལས་ (Under Secretary) ཀྱི་གནས་རིམ་ཅན་ཞིག་བསྐོས་ཡོད་པ་དང་། སྐུ་ཞབས་ཌེ་སི་ཊོ་རོ་ནི་དྲུང་ཆེ་ལས་རོགས་ (Assitant Secretary) ཀྱི་ལས་གནས་ཡིན་སྐོར་སྙན་སེང་ཞུས་ཡོད་ཀྱང་། ཨ་རིའི་གཞུང་ངོས་ནས་དྲུང་ལས་ཀྱི་གནས་རིམ་ཅན་གྱི་འོས་མི་དེ་འདས་པའི་ལོ་གཉིས་གསུམ་ནས་ཨ་རིའི་གྲོས་ཚོགས་གོང་མའི་ནང་མོས་མཐུན་མ་བྱུང་བར་ལུས་ཡོད་སྐོར་དང་། མཐའ་མཇུག་དེར་ཨ་རིའི་གཞུང་ངོས་ནས་ནང་ཚགས་ཀྱི་ཚུལ་དུ་དྲུང་ལས་ཀྱི་གནས་རིམ་ཅན་དེར་སྒུག་པ་ལས་འབྲེལ་མཐུད་པ་ཞིག་བསྐོ་གཞག་བྱས་ན་དགེ་མཚན་ཆེ་བ་ཡོད་སྐོར་འགྲེལ་བརྗོད་གནང་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་དྲུང་ལས་ཀྱི་གནས་རིམ་ཅན་ཞིག་ཡིན་སྐོར་སྙན་སེང་ཞུས་སྐོར་དང་། ད་ལན་ཕྱི་སྲིད་ལྷན་ཁང་གི་སྡེ་ཚན་ཚང་མའི་སྤྱི་མོས་དང་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་གི་བཀའ་འཁྲོལ་ཡོད་པའི་ཐོག་ནས་ཕྱི་སྲིད་ལྷན་ཁང་དུ་གཞུང་འབྲེལ་ཐོག་བསྐྱོད་ཐུབ་པ་བྱུང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།ཟླ་བ་སྔོན་མའི་ནང་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་ (Washington DC) དུ་ཕེབས་ཏེ། ཨ་རིའི་བོད་ལ་འཛིན་པའི་སྲིད་བྱུས་ཁྲིམས་འཆར་ (Tibet Policy Act) ཐོག་རྒྱབ་སྐྱོར་རག་ཐབས་གནང་འཆར་ཡོད་ཀྱང་། ཨ་རིའི་སྲིད་འཛིན་མཆོག་ལ་སྙུང་གཞི་ཕོག་པ་དང་། ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་པ་འོས་འདེམས་སོགས་ཀྱི་རྐྱེན་པས་བསྒྲུབས་ཐུབ་མེད་ཀྱང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་དང་དྲ་ལམ་བརྒྱུད་ཚོགས་འདུ་ཚོགས་པའི་སྟེང་། ཨ་རིའི་སྲིད་འཛིན་འོས་བསྡུ་གྲུབ་རྗེས་བོད་དོན་ཁྲིམས་འཆར་ཐོག་ཕྱག་ལས་གནང་དགོས་པའི་བསམ་ཚུལ་སླེབས་པ་ལྟར། ད་ཐེངས་སྲིད་སྐྱོང་མཆོག་ཨ་རིར་བསྐྱོད་ནས་ཁྲིམས་འཆར་དེ་གཏན་འབེབ་ཡོང་ཐབས་གནང་རྒྱུ་དང་། ད་ལྟའི་ཨ་རིའི་གྲོས་ཚོགས་མ་འཕོས་བར་དུ་གྲོས་ཚོགས་གོང་མར་ཚོགས་ཐེངས་ ༦ ལྷག་ཡོད་པ་དང་། བོད་འབྲེལ་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་རྒྱབ་སྐྱོར་འོག་གྲོས་ཚོགས་གོང་མ་རང་ནས་རྒྱབ་སྐྱོར་གཏན་འབེབ་བྱེད་དགོས་ཀྱི་ཡོད་པ་ལྟར། ཨ་རིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ལ་ཞལ་པར་དང་ཡི་གེ་བསྐུར་ཏེ། ཁྲིམས་འཆར་དེ་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་ ༢༠ ནང་ཚུད་ལ་གཏན་འབེབ་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུའི་འབོད་སྐུལ་གནང་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་ནས་དེང་སྐབས་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། མང་ཚོགས་ངོས་ནས་གཙོ་བོ་ཁ་རས་གྱོན་རྒྱུ་དང་། ལག་པ་འཁྲུད་རྒྱུ། དེ་བཞིན་རྒྱང་ཐག་འཛིན་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༠

Leave a Reply

2 thoughts on “བོད་དོན་སྐོར་གྱི་ཁྲིམས་འཆར་གཏན་འབེབ་ཡོང་སླད་སྲིད་སྐྱོང་མཆོག་ཨ་རིར་ཕེབས་རྒྱུ་རེད་འདུག

  1. བསོད་ནམས་རྒྱལ་མཚན།

    (བོད་དོན་སྐོར་གྱི་ཁྲིམས་འཆར་གཏན་འབེབ་ཡོང་སླད་སྲིད་སྐྱོང་མཆོག་ཨ་རིར་ཕེབས་རྒྱུ་རེད་འདུག) མ་རེད། དབུ་དཀར་ཚང་སྐལ་རྡོར་གྱིས་འོས་བསྡུ་ཆེད་ཕྱོགས་སྐྱོད་རེད། དཔལ་འབྱོར་བཀའ་བློན་མཆོག་ནས་ བློ་སེང་གི་ལམ་གྲོན་ཚང་མ་ལེན་རོགས། 😂 😂 😂 😅

  2. འཇོན་ཡ་སྣ་གཅིག་མེད་པ་་་་་ལོ་ངོ་༩་རིང་་་སྐལ་རྡོར ་་་དང་གཞུང་དངུལ་་་རྐུ་མ་རྒྱག་རྒྱུ་མ་གཏོགས! སྥྱི་དོན་ལ་ཕན་པའི་ལས་ཀ་་་་ཤུག་་་ལྟ་བུ་་་ལས་བྱས་མེད!

    ད་དུང་ཁོ་སྐལ་རྡོར ་་ལ་འོས་ཤོག་་སློང་པ་དང་ཁྱབ་བསྒྲགས་་བྱེད་དུ་་་འགྲོ་་་ཞོར་་་་བོད་དོན་ཞུ་གཏུགས་་་ནི་ཁ་གཡར་ས་རང་ཡིན!