དྲ་ལམ་བརྒྱུད་མཛད་འཕྲིན་ཁག་ཅིག་བསྐྱང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སེམས་ཁམས་འཕྲོད་བསྟེན་སོགས་དང་འབྲེལ་བའི་མཛད་འཕྲིན་ཁག་ཅིག་དྲ་ལམ་བརྒྱུད་བསྐྱང་རྒྱུ་ཐུགས་གཏན་འཁེལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་དབྱིན་བསྒྱུར་དེབ་ཅིག་དབུ་འབྱེད་གནང་བ་དང་སྦྲགས་བཀའ་སློབ་སྩལ་གཏན་འཁེལ་ཡོད་པ་དང་། དེའི་རྗེས་ཝ་སི་ཀོན་སིན་གཙུག་ལག་མཐོ་རིམ་སློབ་གཉེར་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད། སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་རྗོན་ཌཱན་ལགས་དང་། སེམས་དང་སྲོག་གི་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཝིསི་ཌཱམ་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཌེ་ནི་ཡལ་ཨེཊ་ཀེན་བཅས་དང་ལྷན་དུ་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག
དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨོ་གླིང་གི་སི་ནེ་གཙུག་ལག་མཐོ་སློབ་ཀྱི་ཀླད་པ་དང་སེམས་ཀྱི་ཞིབ་འཇུག་ཁང་གི་སློབ་དཔོན་ཨི་ཡན་ཧི་ཀི་(Ian Hickie)ལྷན་དུ། ཉིན་དེའི་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་པ་དང་། བཀའ་ཆོས་འདི་བཞིན་ཕྱི་ལོ་ ༢༠༢༠ ལོའི་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་ཚོགས་འདུའི་ཆ་ཤས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག
ཡང་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣ ནས་ ༥ བར་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་སོག་པོའི་ནང་པའི་དད་ལྡན་དོན་གཉེར་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་ནས་དྲ་ལམ་བརྒྱུད་བཀའ་སློབ་ལམ་སྟོན་དང་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། དེ་ཡང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ནས་ ༡༠།༣༠ བར་སོག་པོའི་གཞོན་སྐྱེས་ཚོར་ནང་ཆོས་དང་ཚན་རིག་སྐོར་གྱི་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྒྱུ་དང་། ཕྱི་ཚེས་ ༤ དང་ ༥ ཉིན་གཉིས་རིང་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠།༣༠ བར་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སོགས་སྩལ་གཏན་ཡོད་འདུག
གསར་འགོད་པ་སྐལ་བཟང་སྦྱིན་པས་སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་ལས་བཏུས།

བསྐྱར་བཅོས།: ༢༠༢༠/༡༡/༡༡

Leave a Reply