ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་དོགས་འདྲི་གསལ་བཤད་ཁག་ཅིག

བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་གྱི་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་ཀྱིས་སྙན་ཐོ་བཏོན་པའི་ནང་ནན་སྐུལ་བསྔགས་བརྗོད་དང་དོགས་འདྲི་ནོར་བཅོས་རིགས་ ༣༠ ཙམ་གནང་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་བའི་སྟེང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ་དང་། སྤྱི་འཐུས་སྒེར་གྱི་འཕྲོས་དོན་དྲི་བ་བཏང་བར་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་བའི་གནས་ཚུལ་འདོན་སྤེལ་གནང་བའི་ནང་། འདས་ལོའི་ཕྱི་ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ངོས་ནས་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཤིག་ཆེད་འཛུགས་གནང་འདུག་པ་དེའི་གྲུབ་ཆ་དང་། རྒྱུན་ལྡན་གྱི་འགན་ཁུར་ལེན་ཕྱོགས། གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས། ད་བར་ཚོགས་འདུ་ཐེངས་ཇི་ཙམ་ཚོགས་ཡོད་མེད་སོགས་དོགས་འདྲི་བྱས་འདུག་པར། ཤེས་རིག་ལས་ཁུངས་ནས་ལྷན་ཚོགས་དེའི་གྲུབ་ཆ་ནི་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་གཙོ་དང་། ཤེས་རིག་བཀའ་བློན་མཆོག་ཚོགས་གཞོན། ཤེས་རིག་དྲུང་ཆེ་ཚོགས་དྲུང་དང་ཚོགས་མི་གཅིག་ལྕོགས། ཚོགས་མི་གཞན་རྣམས་ནི་དྷ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་དང་། མ་སུ་རི་བོད་ཁྱིམ་དྲུང་ཆེ། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན། བལ་ཡུལ་གངས་ཅན་བདེ་རྩའི་དྲུང་ཆེ། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བཅས་ཡིན་སྐོར་དང་། ཤེས་རིག་ལས་ཁུངས་ནས་ཚོགས་འདུའི་གྲོས་ཆོད་ཁག་ལག་བསྟར་མཇུག་གནོན་བྱ་རྒྱུའི་འགན་འཁུར་བཞིན་ཡོད་པ་དང་། ད་བར་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཅིག་ཚོགས་ཡོད་སྐོར་གསལ་བཤད་གནང་འདུག

དེ་བཞིན་སཾ་བྷོ་ཊ་བོད་སློབ་ཁྱབ་ཁོངས་ཤེས་རབ་དགའ་ཚལ་སློབ་གླིང་གི་ལས་བསྡོམས་ནང་། སློབ་གླིང་དེར་སློབ་ཕྲུག་བུ་བུ་མོ་གྲངས་ ༣༢ ལས་མེད་པ་དང་། དགེ་ལས་གྲངས་ ༢༢ ཡོད་སྐོར་བཀོད་འདུག་པ་དང་། ད་ལྟའི་ཆར་སློབ་ཕྲུག་གི་གྲངས་ཚད་ཅི་ཡིན་དང་། འབྱུང་འགྱུར་གནས་སྟངས་ལ་འགྱུར་བ་མ་ཕྱིན་ཚེ། འཛིན་ཁང་དང་ཚོགས་ཁང་། ཉལ་ཁང་རྒྱ་ཆེན་པོ་དེ་དག་བེད་སྤྱོད་ཇི་ལྟར་གནང་འཆར་ཡོད་མེད་དྲིས་འདུག་པར། ཤེས་རིག་ལས་ཁུངས་ཀྱིས་ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་ནང་ཁྱོན་སློབ་མ་ ༣༡ ཡོད་པ་དང་། འབྱུང་འགྱུར་སློབ་གླིང་དེར་སློབ་མ་རྦད་དེ་ཉུང་དུ་ཕྱིན་ཚེ། མེས་དབོན་དཔེ་སྟོན་སློབ་གྲྭ་དེར་སྤོ་འཆར་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ནས་སློབ་གླིང་དེ་གའི་བུ་མོའི་སྡོད་ཁང་སྟོང་པ་དེ་མེས་དབོན་དཔེ་སྟོན་སློབ་གྲྭའི་བུ་མོའི་ཉལ་ཁང་བཟོས་ཡོད་པ་དང་། དེ་བཞིན་ལས་ཤག་སྟོང་པ་ནང་དཔེ་སྟོན་སློབ་གྲྭའི་ལས་བྱེད་གང་འཚམ་སྤོས་ཚར་ཡོད་སྐོར་ལན་འདེབས་གནང་འདུག

ཡང་མེས་དབོན་གཙུག་དཔེ་སྟོན་སློབ་གྲྭའི་ནང་། འཛིན་གྲྭ་མཐོ་རིམ་བཞིན་སློབ་མ་ཧ་ཅང་ཉུང་དུ་འགྲོ་བཞིན་པའི་རྒྱབ་ལྗོངས་རྒྱུ་མཚན་གང་ཡིན་སྐོར་དོགས་འདྲི་གནང་བར་ཤེས་རིག་ལས་ཁུངས་ཀྱིས། འཛིན་གྲྭའི་རྒྱ་ཁྱོན་ཆུང་བ་དང་། དཔེ་སྟོན་སློབ་གྲྭར་འཛིན་གྲྭ་བརྒྱད་པ་བར་དུ་མ་གཏོགས་མེད་སྟབས་མུ་མཐུད་སློབ་གྲྭ་མཇུག་སྐྱོང་ཆེད་ཕ་མ་ཁ་ཤས་ཀྱི་རེ་འདོད་ལ་ཕྲུ་གུ་སེ་ལ་ཁུའི་བོད་ཁྱིམ་དུ་གཏོང་རྒྱུའི་འཆར་གཞི་ཡོད་པས་སློབ་གྲྭ་དེར་སློབ་འཇུག་ཞུས་པར་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནང་ལོ་ ༣ བསྟུད་མར་སློབ་གྲྭ་འགྲིམ་དགོས་པའི་གནས་སྟངས་ལ་བརྟེན་ནས་རྩ་དགོངས་ཞུ་མཁན་བྱུང་གི་ཡོད་པ། དེ་བཞིན་སློབ་མ་མི་ཉུང་བ་ཞིག་ཕ་མ་ལྷན་དུ་ཕྱི་རྒྱལ་དུ་སྐྱོད་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཀྱི་ཕྲུ་གུ་རང་ལོ་ ༦ སོན་པ་རྣམས་རྒྱན་བརྒྱབ་སྟེ་དྷ་ས་དང་མ་སུ་རི་བོད་ཁྱིམ་གཉིས་སུ་བསྐྱོད་དགོས་པ། གཞུང་ཞབས་ལས་བྱེད་རྣམས་གནས་སྤོས་བྱེད་སྐབས་ཕྲུ་གུ་ཡང་མཉམ་ཁྲིད་བྱེད་ཀྱི་ཡོད་པ་བཅས་ཀྱི་རྐྱེན་པས་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཁོངས་ནས་རྩིས་ལེན་མ་ཐུབ་པའི་སློབ་གྲྭ་རྣམས་གང་དག་ཡིན་མིན་དང་། ད་ལྟའི་བཀའ་ཤག་གི་ལས་དུས་མ་ཚང་སྔོན་རྩིས་ལེན་ཐུབ་མིན་དྲིས་པར། མ་སུ་རི་གཏན་སློབ་དང་། སིམ་ལ་གཏན་སློབ། རྡོ་རྗེ་གླིང་གཏན་སློབ། ཀ་སྦུག་གཏན་སློབ། ཧར་པ་སྤུར་ཉིན་སློབ། ཌལ་ཧོར་གཏན་སློབ་བཅས་སློབ་ཁག་ ༦ རྩིས་ལེན་ཐུབ་མེད་པ་དང་། སློབ་གྲྭ་དེ་དག་ཕྱི་ལོ་ ༢༠༢༡ ལོའི་ནང་བར་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་བྱས་ཡོད་ནའང་། འདི་ལོར་ཏོག་དབྱིབས་གཉན་རིམས་དང་འཛིན་སྐྱོང་གི་གནས་སྟངས་བཅས་ཀྱི་རྐྱེན་པས་རྩིས་ལེན་ཐུབ་མིན་བཤད་ཐབས་མེད་སྐོར་ལན་འདེབས་གནང་འདུག

གཞན་ཡང་། དྷ་ས་བོད་ཕྲུག་ཁྱིམ་སྡེའི་ལས་བསྡོམས་དང་འབྲེལ་ནས། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཅིག་པུར་ཡུལ་ལུང་གཞན་གྱི་བུ་ཕྲུག་སློབ་ཞུགས་བྱས་པ་ ༧༠ བྱུང་འདུག་པ་དང་། བོད་ཕྲུག་དང་བསྡུར་ན་ཡུལ་ལུང་གཞན་གྱི་ཕྲུ་གུ་སློབ་འཇུག་གི་གྲངས་འབོར་ལོ་རེར་འཕར་བཞིན་པའི་གནས་སྟངས་དེས། བོད་ཕྲུག་ཚོ་སློབ་གྲྭ་དང་འཛིན་གྲྭ་སོ་སོའི་ནང་གྲངས་ཉུང་མི་རིགས་ཆགས་བཞིན་པའི་འོག་ཡུལ་ལུང་གཞན་གྱི་སྐད་དང་། ཡུལ་གོམས་གཤིས་ལུགས་ཀྱི་ཤན་ཞུགས་ཏེ། དེང་སང་བོད་ཕྲུག་ཁྱིམ་སྡེའི་ནང་བོད་སྐད་གཙང་མ་སྐྱོན་མཁན་ཞིག་ཧ་ལམ་མི་རྙེད་པའི་ཚད་དུ་སླེབས་ཡོད་སྟབས། བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་འཛུགས་གནང་བའི་དམིགས་ཡུལ་དང་རྒྱབ་འགལ་དུ་སོང་བར་མཐོང་གི་ཡོད་མེད་དང། ཡུལ་ལུང་གཞན་གྱི་བུ་ཕྲུག་ལོ་རེ་བཞིན་ཇེ་མང་དུ་སློབ་འཇུག་གནང་བའི་གནས་སྐབས་ཀྱི་ཁེ་ཕན་དང་། བོད་ཕྲུག་ངོ་མ་ཚོར་བོད་སྐད་ཡིག་དག་མ་ཞིག་མ་ཡོང་བའི་གྱོང་གུད་གཉིས་ལས་དགེ་སྐྱོན་ཆེ་བ་གང་ལ་ཡོད་མེད་གསལ་བཤད་དགོས་སྐོར་གསུངས་པར་ལན་འདེབས་གསལ་བཤད་གནང་བའི་ནང་། རྩིས་ལོ་འདིའི་ནང་དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་གསར་འཇུག་སྐབས་ལོ་རེ་བཞིན་བོད་ཕྲུག་དང་བསྡུར་ན་ཡུལ་ལུང་གཞན་གྱི་སློབ་ཕྲུག་གསར་འཇུག་ཇེ་མང་དུ་འགྲོ་ཡི་ཡོད་པ་དངོས་ཡོད་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནས་གསར་དུ་འབྱོར་མཁན་མེད་པའི་ཁར་བོད་པའི་བུ་ཕྲུག་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་དང་འགྲོ་བཞིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་གཞིས་ཆགས་ཁག་གི་སློབ་གྲྭ་ནས་འཛིན་རིམ་ལྔ་པ་དང་ལྔ་པ་མན་ཆད་རྣམས་བོད་ཁྱིམ་གཉིས་དང་གཏན་སློབ་ཁག་ཏུ་སློབ་འཇུག་མི་ཆོག་པའི་བཀོད་ཁྱབ་གནང་ཡོད་པ་སོགས་ལ་བརྟེན། བོད་མི་ཁ་ཐོར་གྱི་བུ་ཕྲུག་མ་གཏོགས་དམིགས་རྟེན་མེད་སྟབས། བོད་ཁྱིམ་སློབ་སྡེའི་ནང་སློབ་གྲྭའི་མཐུན་རྐྱེན་ཆ་ཚང་སྔ་མོ་ནས་བསྐྲུན་ཏེ་འཐུས་སྒོ་ཚང་པོ་ཡོད་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ལྷག་དོན་བོད་ཀྱི་སྐད་ཡིག་སློབ་སྤེལ་སོགས་ལ་ཡི་རང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བུ་ཕྲུག་མང་པོ་ཞིག་བོད་ཁྱིམ་སློབ་སྡེའི་ནང་སློབ་འཇུག་གི་རེ་བ་འཆང་བཞིན་ཡོད་པ་རྣམས་ལ་སློབ་འཇུག་ཞུ་བཞིན་ཡོད་ཀྱང་། བོད་ཕྲུག་རྣམས་གྲངས་ཉུང་བར་གྱུར་མེད་པ་ནི། ད་ལྟའི་ཆར་སློབ་གྲྭའི་ནང་བོད་ཕྲུག་གྲངས་ ༤༤༣༤ དང༌། ཧི་མ་ལ་ཡའི་རི་རྒྱུད་ནས་ཕྲུ་གུ་གྲངས་ ༢༠༩༢ ཡོད། ལར་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྔ་ཕྱིའི་ནང་བོད་ཁྱིམ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་སློབ་འཇུག་མང་དྲགས་པའི་བསམ་འཆར་རིམ་པར་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བླ་སྤྲུལ་མཁན་པོ་དང་། ཆབ་སྲིད་མི་སྣ་སོགས་ནས་རྒྱབ་གཉེར་གྱིས་རིན་མེད་དང་ཆག་ཡང་ཐོག་སློབ་འཇུག་གནང་རྒྱུའི་ལམ་སྲོལ་དེ་རེ་ཞིག་མཚམས་འཇོག་ཞུས་ཏེ་འདི་ལོའི་སློབ་འཇུག་གསར་པའི་ནང་བོད་ཕྲུག་ ༢༢༠ དང༌། ཡུལ་མིའི་ཕྲུ་གུའི་གྲངས་ ༨༢ ལས་བྱུང་མེད། མདོར་ན། ད་བར་ཧི་མ་ལ་ཡའི་ཕྲུ་གུ་དང་ཡུལ་མིའི་ཕྲུ་གུ་སློབ་འཇུག་ཞུས་པ་དག་བོད་ཀྱི་ཡུལ་གོམས་དང་། ཐུན་མིན་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཤེས་མཁན་ཞིག་བསྐྲུན་ཐུབ་པ་ནི་སྤོབས་པ་ཡོད། བོད་ཕྲུག་ངོ་མ་ཚོ་སློབ་གྲྭ་དང་འཛིན་གྲྭ་སོ་སོའི་ནང་གྲངས་ཉུང་བ་ཆགས་བཞིན་པའི་འོག་ཡུལ་ལུང་གཞན་གྱི་སྐད། ཡུལ་གོམས་གཤིས་ལུགས་ཀྱི་ཤན་ཞུགས་ཏེ་དེང་སང་བོད་ཕྲུག་ཁྱིམ་སྡེའི་ནང་བོད་སྐད་གཙང་མ་སྐྱོན་མཁན་ཞིག་ཧ་ལམ་མི་རྙེད་པའི་ཚད་དུ་སླེབས་ཡོད་གསུངས་པ་ནི་ཅུང་འུར་སྒྲོག་ལས་དེ་འདྲའི་ཐུགས་འཚབ་མི་གནང་བར་ཞུ། ཞེས་བརྗོད་འདུག

སྤྱི་འཐུས་སྒེར་གྱི་འཕྲོས་དོན་དྲི་བའི་ནང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ནང་འདེམས་སྒྲུག་བྱུང་བའི་སློབ་མའི་ཁྲོད་ནས་ཕྱིར་ལོག་བྱུང་བ་ཅི་ཙམ་ཡོད་མེད་དང་། དེ་དག་གི་གནས་སྟངས་སྐོར་དོགས་འདྲི་གནང་བར།  ཤེས་རིག་ལས་ཁུངས་ཀྱིས་དེ་ལོར་འདེམས་སྒྲུབ་བྱུང་བའི་སློབ་མ་ཆ་ཚང་ཕྱིར་ལོག་བྱས་ཡོད་པ་ལྟར། ཤེས་རིག་ལས་ཁུངས་ངོས་ནས་འབྲེལ་ཡོད་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་དུ་ཕྱག་ལས་གནང་འདོད་ཡོད་མེད་སྔོན་ཚུད་ནས་འདྲི་རྩད་བྱས་ཡོད་ནའང་། འདི་ལོར་གཉན་རིམས་ཀྱི་རྐྱེན་པས་སློབ་ཕྲུག་རྣམས་ཀྱི་ལས་འགན་བཀོད་སྒྲིག་ཐད་འགོག་རྐྱེན་ཕྲད་ཡོད་སྐོར་ལན་འདེབས་གནང་འདུག 
 ཡང་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་། འདི་ལོའི་བོད་ཁྱིམ་སློབ་གྲྭ་ཁག་གི་ལས་བསྡོམས་མང་ཆེ་བ་ཡིག་ནོར་མང་དག་ཅིག་འདུག་པར་རེ་རེ་བཞིན་ཐེར་འདོན་དགོས་ཚེ། ལས་བསྡོམས་བརྒྱ་ཆ་ ༥༠ ལྷག་ལེབ་བཤུ་དགོས་ངེས་ལྟ་བུར་གྱུར་ཡོད་སྐོར་དང་། ཤེས་ཡོན་གྱི་བསྟི་གནས་ཁག་ནས་ཡིག་ནོར་འདི་འདྲ་ཡོང་བཞིན་པ་ནི་ཅུང་བློ་འཚབ་ཀྱི་གནས་སུ་གྱུར་པ་མ་ཟད། བོད་ཁྱིམ་སློབ་གྲྭ་ཟུར་དུ་བཙུགས་པའི་ཐོག་དམིགས་ཡུལ་དང་རྒྱབ་འགལ་དུ་འགྱུར་ཉེན་ཆེ་བས་འགྲེལ་ཡོད་ཚང་མས་ཐུགས་སྣང་དགོས་སྐོར་འབོད་སྐུལ་ཞུས་འདུག

 

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༡

Leave a Reply