བོད་མདོ་ལ་རིང་མོའི་འཁྱགས་རོམ་ཞུ་ཚད་ལ་བལྟས་ནས་བོད་མཐོ་སྒང་ལ་དཔྱད་པ།

ལོ་ངོ་དྲུག་ཅུའི་རིང་བོད་མདོ་ལ་རིང་མོ་སྤྱིའི་འཁྱགས་རོམ་གྱི་བརྒྱ་ཆའི་ ༧ བཞུས་ཚར་ཡོད་པས་མ་འོངས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་མཐོ་ཤོས་སུ་བསླེབས་ཏེ་ཆུའི་དཀའ་ངལ་ཆེན་པོར་འཕྲད་ཉེན་ཡོད་འདུགཁ་སང་ཕྱི་ཚེས་ ༡༠ ཉིན་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གི་ནང་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་རྒྱ་ནག་གི་ཚན་རིག་པའི་རུ་ཁག་ཅིག་གིས། བོད་མདོ་ལ་རི་རྒྱུད་ཁུལ་དུ་ཞིབ་འཇུག་བྱས་ཏེ། ཕྱི་ལོ་ ༡༩༥༠ ལོ་ནས་ད་ལྟ་བར་བོད་མཐོ་སྒང་སྤྱིའི་གནམ་གཤིས་ཚ་དྲོད་ཆ་སྙོམས་ཀྱིས་ (Celsius) 1.5 ཙམ་ཡར་འཕར་ཡོད་པ་དང་། མུ་མཐུད་ཡར་འཕར་རྒྱུ་ཡིན་པར་བརྟེན། མ་འོངས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་བོད་མཐོ་སྒང་གི་འཁྱགས་རོམ་གྱི་ཞུ་ཚད་མཐོ་ཤོས་སུ་བསླེབ་སྲིད་པ་དང་། ཆུའི་དཀའ་ངལ་ཆེན་པོར་འཕྲད་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གི་ཚན་རིག་པ་ཁག་ཅིག་གིས་བོད་མཐོ་སྒང་གི་བྱང་ཤར་མཚམས་ཀྱི་མདོ་ལ་རི་རྒྱུད་ཁུལ་དུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་ལོའོ་ཧོ་ཀུ་ལྟེ་གནས་ཨང་ ༡༢  (Laohugou No 12) ཟེར་བའི་ཞིབ་འཇུག་ས་ཚིགས་ཤིག་བཙུགས་ཏེ་འཁྱགས་རོམ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ལོ་ངོ་དྲུག་ཅུའི་རིང་རིང་ཚད་ལ་སྤྱི་ལེ་ ༨༠༠ ཡོད་པའི་མདོ་ལ་རི་རྒྱུད་ཀྱི་སྤྱིའི་འཁྱགས་རོམ་གྱི་འདབས་ནས་ཡར་རྨི་ ༤༥༠ ཙམ་བཞུས་ཚར་ཡོད་པ་དང་། ཁྱོན་ཡོངས་སུ་མདོ་ལ་རི་རྒྱུད་ཀྱི་གཏན་འཇགས་འཁྱགས་རོམ་སྤྱི་ལེ་གྲུབ་བཞི་མ་ ༢༠ བཞུས་ཡོད་འདུག་ལ། དེ་ནི་མདོ་ལ་རིང་མོ་སྤྱིའི་འཁྱགས་རོམ་གྱི་བརྒྱ་ཆའི་ ༧ ཡིན་འདུག

རྒྱ་ནག་གི་ལས་གཞི་དེའི་འགན་འཛིན་ཚན་རིག་པ་ཆིན་ཤང་ (Qin Xiang) གིས། འདས་པའི་ལོ་ངོ་ ༦༠ ནང་འཁྱགས་རོམ་གྱི་འདབས་དང་སྤྱིའི་འབོར་ཚད་ཉུང་དུ་ཕྱིན་པ་ཙམ་དུ་མ་ཟད། འཁྱགས་རོམ་སྲབ་ཏུ་ཕྱིན་པ་དེའང་བློ་འཚབ་སྐྱེ་གཞི་ཞིག་ཡིན་སྐོར་དང་། འཁྱགས་རོམ་བཞུས་ཏེ་ཆུང་དུ་འགྲོ་བའི་མགྱོགས་ཚད་ནི་ཧ་ཅང་བློ་ཚབ་སྐྱེས་དགོས་པ་ཞིག་ཡིན་པ། དེ་བཞིན་འཁྱགས་རོམ་ཉུང་དུ་འགྲོ་བཞིན་པ་ནི་མངོན་གསལ་ཡིན་པ་དང་། དེ་ནི་རང་ཉིད་ཀྱི་མིག་གིས་གསལ་པོར་ར་སྤྲོད་ཐུབ་པ་ཞིག་ཡིན་སྐོར་དང་། མདོ་ལ་རི་རྒྱུད་ཀྱི་རྒྱུག་ཆུ་མང་པོ་ཞིག་སྐམ་པ་དང་། བྱེ་ཐང་དུ་གྱུར་བ། འཁྱགས་རོམ་གྱི་བཞུ་ཚད་མགྱོགས་པ་ལ་བརྟེན་གློ་བུར་དུ་འཁྱིལ་མཚོ་ཆགས་པ་དང་། ཆུ་ལོག་འབྱུང་གི་ཡོད་པ་སོགས་ཀྱི་འགྱུར་ལྡོག་ཆེན་པོ་ཐེབས་ཀྱི་ཡོད་སྐོར་བརྗོད་འདུགཡང་ཚན་རིག་པ་དེས། མ་འོངས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་བོད་མཐོ་སྒང་གི་འཁྱགས་རོམ་གྱི་བཞུ་ཚད་མཐོ་ཤོས་སུ་བསླེབ་ངེས་པ་དང་། སྐབས་དེར་འཁྱགས་རོམ་ཉུང་དུ་ཕྱིན་པ་ལ་བརྟེན་ཁ་བའི་བཞུ་ཚད་ཉུང་དུ་ཕྱིན་ཏེ་ཆུའི་དཀའ་ངལ་ཆེན་པོ་འཕྲད་སྲིད་སྐོར་དང་། མདོ་ལ་རི་རྒྱུད་ཀྱི་འཁྱགས་རོམ་བཞུ་ཚད་ལ་དཔག་ཏེ་བོད་མཐོ་སྒང་གི་འཁྱགས་རོམ་གཞན་དག་ལའང་གཅིག་མཚུངས་ཀྱི་འགྱུར་བ་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་མཚོན་གྱི་ཡོད་པར་བརྟེན། རྨ་ཆུ་དང་འབྲི་ཆུ། ཡར་ཀླུང་གཙང་པོ་སོགས་ཆུ་བོ་ཆེན་པོ་ཁག་གི་མགོ་ཁུངས་ཡིན་པའི་འཁྱགས་རོམ་དག་ལའང་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་སྐོར་བརྗོད་འདུག

བོད་མཐོ་སྒང་ནི་འཛམ་གླིང་སྤྱིའི་ས་བབས་ལས་ཧ་ཅང་མཐོ་བས་འཁྱགས་རོམ་ཧ་ཅང་མང་བ་དང་། འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཀྱི་རྗེས་སྐམ་སའི་འཁྱགས་རོམ་མང་ཤོས་ཡིན་སྟབས། ཚན་རིག་པ་ཚོས་བོད་ནི་འཛམ་གླིང་སྣེ་གསུམ་པར་འབོད་པ་དང་། ཨེ་ཤ་ཡའི་ཆུ་བོ་ཆེན་པོ་དག་གི་མགོ་ཁུངས་ཡིན་སྟབས་བོད་ནི་ཨེ་ཤ་ཡའི་ཆུ་མཛོད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ལ་ལྟོས་མེད་ཀྱིས་གཏེར་ཁ་སྔོག་འདོན་དང་། འཛུགས་སྐྲུན་ལས་གཞི་སྤེལ་བ། རི་སྐྱེས་སྲོག་ཆགས་རྔོན་པ་དང་། ཤིང་ནགས་གཅོད་འབྲེག་ཚད་བརྒལ་བྱས་པར་བརྟེན་རང་བྱུང་སྐྱེས་ཁམས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༡

Leave a Reply