བོད་མིའི་སྒྲིག་འཛུཊ་ཀྱི་ལྷན་ཁང་ཁག་གསུམ་གྱི་ལས་བསྡོམས་ཐོག་དོགས་འདྲི་གསལ་བཤད་གནང་བ།

སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་སྤྱི་ཡོངས་ནས་སྤུས་ཚད་ལྡན་པ་ཡོང་ཡོད་སྐོར་བསྔགས་བརྗོད་གནང་བ་དང་ཕྱི་དྲིལ་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་གཉིས་ལ་དོགས་འདྲི་ཁག་ཅིག་གནང་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་བའི་སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་བདེ་སྲུང་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ་དང་། སྤྱི་འཐུས་སྒེར་གྱི་འཕྲོས་དོན་དྲི་བ་བཏང་བར་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་བའི་གནས་ཚུལ་འདོན་སྤེལ་གནང་འདུག་པ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་སྙན་ཐོའི་ནང་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་ནས་ད་བར་ལག་དེབ་སྔོན་པོ་ཅི་ཙམ་བཟོ་ཐུབ་ཡོད་མེད་དང་། འདས་པའི་རྩིས་ལོའི་ནང་ལག་དེབ་གསར་པ་ཅི་ཙམ་བཟོས་ཡོད་མེད་དྲིས་འདུག་པར། ད་བར་ཨ་རིའི་དོན་ཁང་ནས་ལག་དེབ་སྔོན་པོ་ ༥ དང་། སྦར་སིལ་དོན་ཁང་ནས་ ༡༦༦། ཨོ་གླིང་དོན་ཁང་ནས་ ༣༣། ཉི་ཧོང་དོན་ཁང་ནས་ ༡༨༠༢། ཐའེ་ཝན་དོན་ཁང་ནས་ ༧༢༤། རུ་སོག་དོན་ཁང་ནས་ ༢༤ བཅས་ཁྱོན་ལག་དེབ་སྔོན་པོ་ ༢༧༥༤ བཟོས་ཡོད་སྐོར་ལན་འདེབས་གནང་འདུག

དེ་བཞིན་ད་ལྟའི་ཆར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞི་དུས་ཐོག་མཇུག་སྒྲིལ་ཟིན་གྱི་མེད་པས་ག་དུས་མཇུག་སྒྲིལ་ཐུབ་འཆར་ཡོད་མེད་དྲིས་འདུག་པར། སྤྱིར་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་མཇུག་སྒྲིལ་གྱིས་དབུ་འབྱེད་ཞུ་འཆར་ཡོད་ཀྱང༌། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདི་ལོའི་ནང་འགྲེམས་སྟོན་ཁང་གསར་པའི་འཛིན་ཆས་དང་འཕྲུལ་ཆས་རིགས་གསར་ཉོ་དང་། འབྲེལ་ཡོད་འགྲེམ་སྟོང་ཁང་གི་ཆེད་ལས་མི་སྣ་དྷ་སར་ཡོང་ཕྱོགས་ཐད་བཀག་འགོག་ཡོད་པའི་རྐྱེན་གྱིས་གལ་ཆེའི་ལས་དོན་མང་དག་ཅིག་ཕར་འགྱངས་གཏོང་དགོས་བྱུང་ཡོད་པ་དང་། གཉན་རིམས་ཀྱི་གནས་སྟངས་ཇེ་དྲག་ཏུ་ཕྱིན་ཚེ། ཕྱི་ལོ་ ༢༠༢༡ ཟླ་ ༠༣ ནང་ཚུད་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞི་དེ་མཇུག་སྒྲིལ་གྱིས་དབུ་འབྱེད་ཞུ་ཐུབ་པའི་རེ་བ་ཞུ་བཞིན་ཡོད་སྐོར་ལན་འདེབས་གནང་འདུག

དེ་བཞིན་ལྡི་ལི་དོན་གཅོད་ཀྱི་ལས་དོན་དང་འབྲེལ་ཏེ། འདས་ལོར་ལྡི་ལིའི་ནཱེ་རུ་གཙུག་ལག་སློབ་གྲྭའི་ནང་གི་བོད་ཕྲུག་ཚོར་ཕྱི་རྒྱལ་གྱི་སློབ་མ་ལྟར་སློབ་ཡོན་སྤར་གནང་བའི་རྐྱེན་གྱིས། སློབ་ཕྲུག་ ༤༢ ཀྱིས་རྒྱུགས་འཕྲོད་ཀྱང་ ༡༠ མ་གཏོགས་སློབ་ཞུགས་ཐུབ་མེད་སྟབས། སློབ་མ་གཞན་རྣམས་ཀྱི་གནས་སྟངས་ཅི་ཡིན་དང་། སློབ་ཡོན་སྤར་ཆ་བྱས་དོན་དེ་བོད་ཕྲུག་རྣམས་གཙུག་ལག་སློབ་གྲྭའི་རྙོག་དྲ་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་ཡིན་མིན་དྲིས་པར། སློབ་ཞུགས་མ་ཐུབ་པའི་ལྷག་འཕྲོ་སློབ་མ་ ༣༢ རྣམས་མཐོ་སློབ་གཞན་དུ་སློབ་ཞུགས་བྱས་ཡོད་པ་དང་། དོན་གཅོད་ཁང་གི་ལས་བསྡོམས་ནང་སློབ་ཡོན་སྤར་ཆའི་གནད་དོན་དེ་བོད་ཕྲུག་རྣམས་གཙུག་ལག་སློབ་གྲྭའི་ནང་ཁུལ་གྱི་རྙོག་དྲ་ནང་ཞུགས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་བྱས་མེད་པ་དང་། དུས་རྒྱུན་དུ་དོན་ཁང་ནས་སློབ་མ་ཚོར་ནང་ཁུལ་གྱི་རྙོག་དྲའི་ནང་ཐེ་བྱུས་གཏན་ནས་མི་བྱ་རྒྱུའི་ལམ་སྟོན་ཞུ་ཡི་ཡོད་ལ། འབྲེལ་ཡོད་ལ་སློབ་ཡོན་སྔར་རྒྱུན་བཞིན་ཡོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསལ་བཤད་གནང་འདུག

དེ་བཞིན་ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱི་ལས་བསྡོམས་དང་འབྲེལ་ཐའེ་ཝན་གཞུང་གིས་བོད་སོག་ལས་ཁུངས་ཟེར་བ་དེ་སྒོ་ཇི་ལྟར་བརྒྱབ་པའི་སྐོར་འགྲེལ་བརྗོད་དགོས་གསུངས་པར།  དོན་གཅོད་རིམ་པའི་འབད་བརྩོན་སོགས་ལ་བརྟེན།ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༤ ཉིན། ཐའེ་ཝན་སྲིད་བློན་ལས་ཁུངས་ནས་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་ཞུས་མེད་པ་དང་། འཛིན་སྐྱོང་གི་བཀའ་རྒྱ་བཏང་སྟེ་བོད་སོག་ལས་ཁུངས་ཀྱི་ལས་དོན་མཚམས་འཇོག སྔར་ཡོད་ཀྱི་ལས་བྱེད་ཉུང་ཤས་ཤིག་ཕྱི་སྲིད་ལས་ཁུངས་དང་། རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གི་ཧོང་ཀོང་དང༌། མེ་ཀའོ་སྡེ་ཚན་ནང་ཟླ་བསྒྲིལ་བཏང་བ་ཕུད་ལས་བྱེད་མང་བ་རིག་གཞུང་ལྷན་ཁང་ནང་ཟླ་བསྒྲིལ་བཏང་སྟེ། ཕྱི་ལོ་༢༠༡༧ ལོའི་ཟླ་ ༩ ཚེས་ ༡༥ ཉིན་བོད་སོག་ལས་ཁུངས་ཀྱི་སྒོ་བྱང་དེ་རིག་གཞུང་ལྷན་ཁང་ཞེས་པའི་སྒོ་བྱང་ལ་བརྗེ་པོ་བརྒྱབ་པ་དང་། ཁྲིམས་ཐོག་ནས་ལོ་དེའི་ཟླ་ ༡༡ ཚེས་ ༢༨ ཉིན། ཐའེ་ཝན་གྲོས་ཚོགས་ནང་བོད་སོག་ལས་ཁུངས་ཁུ་བསྡུ་བྱ་རྒྱུའི་གྲོས་འཆར་མི་འདྲ་བ་ཁག་གསུམ་བྱུང་བ་གཅིག་ཏུ་བསྒྲིལ་ནས་འོས་ཤོག་འཕངས་པར། གྲོས་ཚོགས་འཐུས་མི་གྲངས་ ༢༩ ནས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༡༣ ནས་ངོ་རྒོལ། འཐུས་མི་གྲངས་ ༡༡ ནས་འོས་མ་བླུགས་པ་བཅས་མཐར་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་སྐར་མ་ ༣༤ སྐར་ཆ་ ༡༠ ཐོག་གྲོས་ཚོགས་ཚོགས་གཙོའི་མཚན་ཐོག་ནས་གྲོས་ཆོད་མང་མོས་ཀྱིས་བོད་སོག་ལས་ཁུངས་ཁུ་བསྡུ་ཟིན་པའི་ཐག་གཅོད་གནང་ཡོད། ཅེས་ལན་འདེབས་གནང་འདུགའཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐད་རྒྱུན་ལས་ནས་དྲན་སྐུལ་བསྔགས་བརྗོད་དང་དོགས་འདྲི་ནོར་བཅོས་རིགས་ ༡༣ ཙམ་གནང་ཡོད་ཅིང་། དེ་དག་ཁྲོད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་འབྲེལ་བའི་ཐད། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་གྲངས་ག་ཚོད་བྱུང་ཡོད་པ་དང་། ཚོགས་དངུལ་ཅི་ཙམ་བསྡུས་ཡོད་པ། མཐའ་མའི་བྱུང་སོང་གི་གནས་བབ་ཇི་ཡིན་བཅས་དྲིས་འདུག་པར། རྩིས་ལོ་འདིར་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་ཞུགས་མཁན་གྲངས་ ༢༧,༩༤༦ བྱུང་ཡོད་པ་དང་། ཚོགས་དངུལ་སྒོར་ ༢༥,༠༨༣,༥༥༠ བྱུང་ཡོད་པ་ནས་སྒོར་ ༧,༩༢༠,༨༣༨ ཨ་རིའི་རོགས་དངུལ་ཐོག་ངལ་ཡོད་དུད་ཁྱིམ་ཚོར་ཆག་ཡང་གནང་ཡོད་པ་དང་། དེ་བཞིན་མཐའ་མའི་བྱུང་སོང་གི་གནས་བབ་ནི་སྒོར་ ༩,༩༨,༢༣༦ ལྷག་ཡོད་སྐོར་དང་། རྩ་བའི་ཆ་ནས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ གཅིག་པུར་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་གྲངས་ ༢,༤༤༥ ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་ཁེ་ཕན་ཆེད་སྒོར་ ༢༤,༠༨༤,༣༡༤ སོང་ཡོད་སྐོར་ལན་འདེབས་གནང་འདུགགཞན་ཡང་། བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ནང་ནོར་བཅོས་དགོས་པ་ཁག་ཅིག་ལས། སྤྱི་ཡོངས་ནས་ལས་ཁུངས་དེའི་ལས་བསྡོམས་ཤོག་གྲངས་ ༡༥ རྣམས་སྤུས་ཚད་ལྡན་པ་ཞིག་ཆགས་ཡོད་སྐོར་བསྔགས་བརྗོད་གནང་འདུག

སྤྱི་འཐུས་སྒེར་གྱི་འཕྲོས་དོན་འདྲི་བའི་ནང་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས། འདས་པའི་ལོ་ངོ་ ༩ ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁོངས་ནས་བགྲེས་ཡོལ་དུ་ཕེབས་པ་མ་ཡིན་པར་དོ་བདག་གིས་རྩ་དགོངས་ཞུས་པ་ལོ་རེར་ག་ཚོད་བྱུང་མིན་དོགས་འདྲི་གནང་བར་བཀའ་ཤག་གི་བཀའ་ལན་ནང་། ཕྱི་ལོ་ ༢༠༡༠ ལོར་ལས་བྱེད་གྲངས་ ༡༦ དང་། ༢༠༡༡ ལོར་ ༩། ༢༠༡༢ ལོར་ ༡༠། ༢༠༡༣ ལོར་ ༢༤། ༢༠༡༤ ལོར་ ༣༦། ༢༠༡༥ ལོར་ ༡༩། ༢༠༡༦ ལོར་ ༣༣ ། ༢༠༡༧ ལོར་ ༢༤ ། ༢༠༡༨ ལོར་ ༢༦། ༢༠༡༩ ལོར་ ༤༢། ༢༠༢༠ ལོར་ ༡༩ ཡོད་པ་བཅས་ཁྱོན་ལས་བྱེད་གྲངས་ ༢༥༨  བྱུང་ཡོད་པ་དང་། གནས་རིམ་ཕབས་པ་གྲངས་ ༥ དང་། གནས་སྤར་བཀག་སྐྱིལ་བྱུང་བ་གྲངས་ ༣ དང་། གནས་དབྱུང་བཏང་བ་གྲངས་ ༡ ལས་བྱུང་མེད་སྐོར་གསུངས་འདུག

དེ་བཞིན་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ད་བར་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་ག་ཚོད་ཚོགས་ཡོད་པ་དང་། ཚོགས་འདུ་རེ་རེར་འགྲོ་སོང་ག་ཚོད་ཕྱིན་ཡོད་མེད་དྲིས་པར་བཀའ་ཤག་གིས། ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་ ༣ ཚོགས་ཡོད་པ་དང་། འབྱུང་འགྱུར་བོད་ཀྱི་ཆབ་སྲིད་མདུན་ལམ་གཏན་འབེབ་གནང་ཕྱོགས་ཀྱི་གླེང་སྟེགས་ཚོགས་འདུར་ཧིན་སྒོར་ས་ཡ་ ༡༢ ལྷག་ (༡༢།༠༠༢།༦༠༤) དང་། གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་འདུ་དང་པོར་ཧིན་སྒོར་འབུམ་ ༧༨ དང་། གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་གཉིས་པར་ཧིན་སྒོར་འབུམ་ ༦༥ སོང་ཡོད་སྐོར་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༡

Leave a Reply

One thought on “བོད་མིའི་སྒྲིག་འཛུཊ་ཀྱི་ལྷན་ཁང་ཁག་གསུམ་གྱི་ལས་བསྡོམས་ཐོག་དོགས་འདྲི་གསལ་བཤད་གནང་བ།

  1. གཞུང་པ་ཚེ་དབང་བསོད་ནམས་།

    བོད་སོག་ལས་ཁུངས་ཀྱི་སྒོ་བྱང་དེ་རིག་གཞུང་ལྷན་ཁང་ཞེས་པའི་སྒོ་བྱང་ལ་བརྗེ་པོ་བརྒྱབ་པ་དང་།
    ཟེར་བ་ནས་
    སྒོ་བྱང་བརྗེ་པོ་བརྒྱབ་པ་ཙམ་ལས་དོན་དངོས་ལས་གཞི་ལ་འགྱུར་བ་ཕྱིན་ཨ་ཡོད་?