ཆོས་རིག་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གནང་བའི་དོགས་འདྲི་ཁག་ཅིག

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་གྱི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་གནང་སྟེ་སྙན་ཐོ་བཏོན་པ་དང་། དེ་བཞིན་སྤྱི་འཐུས་སྒེར་ནས་འཕྲོས་དོན་དྲི་བ་བཏང་བར་བཀའ་ཤག་གིས་ལན་འདེབས་གནང་འདུགདེ་ཡང་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་དྲན་སྐུལ་བསྔགས་བརྗོད་དང་དོགས་འདྲི་ནོར་བཅོས་རིགས་ ༡༤ ཙམ་གནང་ཡོད་པའི་ནང་། རིས་མེད་གྲྭ་དགོན་གསུམ་དང་། བཙུན་དགོན་ ༣ ཡོད་ཅེས་གསལ་བ་དེ་གང་དག་ཡིན་པ་དང་། རིས་མེད་ཅེས་པ་དེ་ངོས་ལེན་གནང་ཕྱོགས་ཀྱི་རྩ་འཛིན་ཡོད་མེད་དོགས་འདྲི་གནང་བར་བཀའ་ཤག་གིས།  རིས་མེད་གྲྭ་དགོན་གསུམ་ནི་དྷ་ས་རིགས་ལམ་སློབ་གཉེར་ཁང་དང་།  བལ་ཡུལ་རྩུམ་བདེ་ཆེན་ལྷུན་གྲུབ་དགོན།  བལ་ཡུལ་བདེ་གླིང་རིས་མེད་ཚེས་བཅུ་ཚོགས་པ་བཅས་དང༌། རིས་མེད་བཙུན་དགོན་གཉིས་ནི། དྷ་ས་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དང་་བལ་ཡུལ་ར་ཆེན་བཙུན་དགོན་ བྱང་ཆུབ་ཆོས་གླིང་གཉིས་ཡིན། འདི་གར་རིས་མེད་ངོས་འཛིན་བྱ་ཕྱོགས་ཀྱི་དམིགས་བསལ་རྩ་འཛིན་མེད་ནའང་། གོང་ཞུས་དགོན་སྡེ་དེ་དག་ནང་སྒྲིག་ཞུགས་སམ་སློབ་ཞུགས་བྱེད་པར་ཆོས་བརྒྱུད་གང་ཡིན་གྱི་དབྱེ་བ་མེད་པ་དང༌། འདི་གར་དགོན་ཐོ་དེབ་འགོད་སྐབས་དང་གྲྭ་བཙུན་གྲངས་ཐོའི་འགེངས་ཤོག་ནང་ཆོས་བརྒྱུད་རིས་མེད་ཅེས་བསྐངས་འབུལ་བྱུང་བར་གཞི་འཛིན་བྱས་པ་ཞིག་ཡིན། ཞེས་ལན་འདེབས་གནང་འདུག

ཡང་ཆོས་རིག་དེབ་སྐྱེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་གྲངས་དང་དེ་དག་སུ་ཡིན་དོགས་འདྲི་ཞུས་པར་བཀའ་ཤག་གིས། ཆོས་རིག་དེབ་སྐྱེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གྲངས་བདུན་ཡོད་ཅིང་། དེ་དག་ནི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་ཆོས་རིག་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དེ་བཞིན། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་ཆོས་རིག་རྩིས་པ་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་བཅས་ཡིན། ཞེས་ལན་འདེབས་གནང་ཡོད་པ་དང་། ཡང་འདས་ལོའི་ཕྱི་ཟླ་ ༦ ཚེས་ ༢༡ ནས་ ༢༣ བར་སོག་པོའི་རྒྱལ་ས་ཨུ་ལན་བཱ་ཏར་ཨེ་ཤ་ཡའི་ཞི་བདེ་ནང་པའི་ཆོས་ཚོགས་ཞེས་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་རྒྱ་ནག་གཞུང་གིས་གནོན་ཤུགས་འོག ཆོས་རིག་བཀའ་བློན་མཆོག་ངོ་བཅར་ཞུ་མ་ཐུབ་པའི་གནས་སྟངས་ག་འདྲ་ཡིན་མིན་དོགས་འདྲི་གནང་བར་བཀའ་ཤག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ནང་སོག་ཡུལ་དུ་ཨེ་ཤི་ཡའི་ཞི་བདེ་ནང་བའི་ཆོས་ཚོགས་ (Asian Buddhist Conference for Peace) ཀྱི་ཚོགས་ཆེན་དུ་ཆོས་རིག་བཀའ་བློན་དང་ལས་བྱེད་གཉིས་ལ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནས་ཐོངས་མཆན་མ་སྤྲད་པའི་གནས་ཚུལ་ནི་ཨ་རིར་ཕྱོགས་སྐྱོད་ཐོག་ཡོད་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་སོག་པོའི་ཕྱི་སྲིད་བློན་ཆེན་ལ་ཁ་པར་བརྒྱུད་ནན་མངགས་བྱས་ཡོད་པ་དང་། སོག་པོའི་ཕྱི་སྲིད་ལས་ཁུངས་ནས་ལྡི་ལིའི་སོག་པོའི་གཞུང་ཚབ་ཁང་ལ་དེ་མཐུན་བཀོད་ཁྱབ་བྱུང་བ་ཞིག་རེད་འདུག ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་པ་སོག་པོའི་གཞུང་ཚབ་ཁང་དུ་ཐོངས་མཆན་ཞུ་ལེན་ཆེད་བཅར་སྐབས། ཆོས་རིག་བཀའ་བློན་ངོ་ལས་གསུམ་ལ་ཐོངས་མཆན་སྤྲོད་མི་ཆོག་པའི་ནག་མཆན་ (Black Listed) བཀོད་ཡོད་སྐོར་འགྲེལ་བརྗོད་གསལ་བོ་བྱས་འདུག འོན་ཀྱང་ཆོས་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་སོག་གཞུང་ལ་དེ་སྐོར་ཞུ་གཏུགས་ལན་མང་གནང་འདུག་ཀྱང་། སོག་ཡུལ་རྒྱ་ནག་ལ་རྟེན་ལྟོས་ཀྱི་འབྲེལ་བ་ཆེ་བའི་དབང་གིས་ཕན་འབྲས་གང་ཡང་བྱུང་མི་འདུག ཅེས་གསལ་བཤད་གནང་འདུག

སྐབས་བཅུ་བཞི་པའི་བཀའ་ཤག་གིས་རིག་གཅིག་རྐང་འཛིན་པ་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་གནང་བ་ལྟར། ཆོས་རིག་ལས་ཁུངས་ནས་གཞུང་ཆེན་རིག་གཅིག་རྐང་འཛིན་པའི་ལས་གཞིའི་ནང་འཛུལ་ཞུགས་མཁན་དང་སློབ་སྟོན་གནང་མཁན། དེ་བཞིན། དཔྱད་རྩོམ་ཁག་ལ་ཞིབ་འཇུག་གནང་མཁན་སོགས་ཐོག་མའི་དམིགས་ཡུལ་བཞིན་ཚགས་ཚུད་ཡོང་གི་ཡོད་མེད་དོགས་འདྲི་གནང་བར་བཀའ་ཤག་གིས། ད་བར་དངོས་ཡོད་གནས་སྟངས་ལ་གཞིགས་པའི་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད་རུང་། ཐོག་མའི་དམིགས་ཡུལ་དང་ཡོངས་སུ་མཐུན་པ་ཞིག་བྱུང་ཐུབ་མེད་ཁར། དམིགས་བསལ་བསམ་ཚུལ་གསུང་མཁན་ཡང་རེ་ཟུང་བྱུང་ཡོད་པ་དང་དེ་ནི་རིག་གཅིག་རྐང་འཛིན་རང་གི་གནད་དོན་དང་འབྲེལ་བའི་རྒྱུ་རྐྱེན་ཁག་ཅིག་ལ་ཐུག་ཡོད་པ་ར་འཕྲོད་གསལ་པོ་བྱུང་ཡོད་པས། ཚོགས་ཆེན་ཐེངས་ ༡༤ པའི་ཐོག་ངོ་སྤྲོད་དང་གྲོས་བསྡུར་བྱུང་དོན་ལྟར་ལས་གཞི་དེར་གཞི་རིམ་གྱི་བསྐྱར་ཞིབ་བརྒྱུད་ལེགས་བཅོས་ངེས་པར་བྱ་དགོས་པ་ཞིག་ཆགས་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་རིགས་སྒྱུ་རྩལ་བ་སྤྱི་སྒེར་གཉིས་ནས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་སླད་འདེམས་སྒྲུག་ཚོགས་ཆུང་གིས། སྤྱི་སྒེར་ཁག་ ༡༣ འདེམས་སྒྲུག་གིས་ཁྱོན་ཧིན་སྒོར་ས་ཡ་ ༣ དང་ཕྱེད་ཀ་མ་ཟིན་ཙམ་བཏང་ཡོད་པར་བརྟེན། འདེམས་སྒྲུག་གི་བརྒྱུད་རིམ་བྱ་ཕྱོགས་རྩ་འཛིན་ཡོད་མེད་དང་། ཚོགས་སྒེར་གང་རུང་ལ་མ་དངུལ་ཐོབ་རྗེས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ལས་དོན་ལ་དམིགས་པའི་ལས་དོན་ཚགས་ཚུད་ལ་ལྟ་རྟོག་བྱེད་ཀྱི་ཡོད་མེད་དོགས་འདྲི་གནང་བར་བཀའ་ཤག་གིས།  བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་བགོ་འགྲེམས་བྱེད་ཕྱོགས་ཐད། འདེམས་སྒྲུག་བྱ་ཕྱོགས་རྩ་འཛིན་གཏན་འབེབས་ཟུར་དུ་མེད་ཀྱང་། ལོ་རེའི་གསལ་བསྒྲགས་ནང་འདེམས་སྒྲུག་བྱེད་ཕྱོགས་ཀྱི་བརྒྱུད་རིམ་དང་ལས་གཞི་ལག་བསྟར་བྱེད་ཕྱོགས་སོགས་གསལ་པོ་བཀོད་ཡོད་པ་དེ་ཉིད་རྩ་འཛིན་དང་གསལ་བསྒྲགས་གཅིག་ཆོད་ལྟ་བུ་ཡིན། ལས་དོན་ཚགས་ཚུད་ཡོང་སླད་ཕྱོགས་གཉིས་ནས་མོས་མཐུན་གན་ཡིག་འཇོག་གི་ཡོད་པ་དང་། རོགས་དངུལ་སྤྲོད་ཐེངས་གཉིས་བྱེད་པ། ཟླ་གསུམ་གྱི་ལས་དོན་སྙན་ཐོ་འབུལ་དགོས་པ། མཐའ་མའི་ཕྱོགས་བསྡོམས་སྙན་ཐོ་དང་ལྷན་དུ་རྩིས་ཁྲ་དང་འདྲ་པར་བཅས་འབུལ་དགོས་པ་བཅས་ཀྱི་བྱ་ར་སྟངས་འཛིན་འཐུས་ངེས་བྱེད་བཞིན་ཡོད། ཅེས་གསུངས་འདུགདཔལ་འབྱོར་ལས་ཁུངས་ལ་དོགས་འདྲི་རིགས་ ༡༧ བྱས་ཡོད་པ་ལས། ཕྱི་ལོ་  ༢༠༡༩ ཟླ་ ༦ ཚེས་ ༢༢ ནས་ཟླ་ ༧ ཚེས་ ༣༠ བར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དང་སྤྱི་ཁྱབ་འཆར་འགོད་པ་གཉིས་ཨ་རི་དང་ཁེ་ན་ཌ་བཅས་སུ་ཉིན་གྲངས་ ༣༩ དང་། ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཉིན་གྲངས་ ༡༨ སྐོར་སྐྱོད་གནང་སྟེ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞིར་མ་རྩ་ག་ཚོད་ཐབས་འཚོལ་གནང་ཐུབ་ཡོད་པ་དང་། མ་དངུལ་དེ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་སམ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་དངོས་སུ་འབྱོར་ཡོད་མེད་དང་། གལ་སྲིད་འབྱོར་མེད་ཚེ་འགོག་རྐྱེན་ཅི་འཕྲད་དང་མ་འོངས་པར་ག་དུས་འབྱོར་ཐུབ་པར་ཚོད་དཔག་བྱེད་ཀྱི་ཡོད་སྐོར་དོགས་འདྲི་ཞུས་པར་བཀའ་ཤག་གིས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དང་སྤྱི་ཁྱབ་འཆར་འགོད་པ་གཉིས་ཨ་རི་དང་ཁེ་ན་ཌ་བཅས་སུ་སྐོར་སྐྱོད་གནང་སྟེ་ཨ་རི་ནས་ཧིན་སྒོར་ས་ཡ་༢༣ ལྷག་དང་། ཁེ་ན་ཌ་ནས་ཧིན་སྒོར་ས་ཡ་ ༡ དང་ཕྱེད་ཀ  དེ་བཞིན། ཡུ་རོབ་ནས་ཧིན་སྒོར་ས་ཡ་ ༢༤ ལྷག་བཅས་ཁྱོན་ཧིན་སྒོར་ས་ཡ་ ༥༠ ལྷག་ཙམ་་མཁོ་སྒྲུབ་ཐུབ་ཡོད་པ་དང་། ད་ལྟ་དངུལ་འབོར་དེ་དག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་འབྱོར་ཡོད། ཅེས་ལན་འདེབས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྭང་ཞབས་པར་ཆ་རྐྱེན་གང་དག་ཚང་དགོས་པ་དང་། འདས་ལོར་དྭང་ཞབས་པ་གྲངས་ ༧༨ བྱུང་ཡོད་པ་དག་ལ་མཐུན་འགྱུར་འགྲོ་སོང་ག་ཚོད་ཕྱིན་ཡོད་པ།  འགྲོ་སོང་དེ་དག་དགོས་དམིགས་གང་དག་ཐོག་བཏང་ཡོད་མེད་དོགས་འདྲི་གནང་བར་བཀའ་ཤག་གིས། བོད་མིའི་སྒྲིག་འཛུགས་ཀྱི་དྭང་ཞབས་ནང་འཛུལ་ཞུགས་བྱ་རྒྱུའི་ཆ་རྐྱེན་གཙོ་བོ་ཁག་ནི། བོད་མི་ཡིན་པ་དང་། མཐོ་སློབ་ཐོན་པའམ་མཐོ་སློབ་ནང་སློབ་གཉེར་བྱེད་བཞིན་པ། རྩིས་ལོའི་ནང་དྭང་ཞབས་པ་གྲངས་ ༧༨ བྱུང་ཡོད་པ་དེ་དག་ལ་མཐུན་འགྱུར་འགྲོ་སོང་ཁྱོན་ཧིན་སྒོར་ས་ཡ་ ༤ ལྷག་ཕྱིན་ཡོད། དེའི་ནང་དྭང་ཞབས་པའི་མཚན་དོད་དང་ཁང་དོད། གཙང་བཟོ་བའི་གླ་བཅས་ལ་ཧིན་སྒོར་ས་ཡ་ ༤ ལྷག་དང༌། དྭང་ཞབས་པ་བཞུགས་སའི་གློག་རིན་དང་སྐུད་མེད་དྲྭ་རྒྱ། གཞན་མཐུན་རྐྱེན་དགོས་མཁོ་གཞིར་བཟུང་སྦྱོར་སྤྲོད་ཞུ་ཆེད་ཁྱོན་སྒོར་ཁྲི་ ༦ ལྷག་དང་། དེ་བཞིན། དྭང་ཞབས་པའི་མྱོང་ཚོར་གོ་བསྡུར་ཚོགས་འདུའི་ཆེད་ཧིན་སྒོར་ ༡༩༠༠༤།  གཞན་དཔར་གྲོན་དང་སྤྱིར་བཏང་འགྲོ་གྲོན་ཆེད་ཧིན་སྒོར་ ༩,༢༠༧  བཅས་ཕྱིན་ཡོད། ཅེས་དང་།  བཀའ་ཤག་གི་དགོངས་གཞི་ལྟར་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་གཞི་དེ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཉིན་ནས་མགོ་འཛུགས་ཀྱིས་ད་བར་ཁྱད་ལས་དྭང་བླངས་ཞབས་ཞུ་བ་ཁྱོན་མི་གྲངས་ ༢༢༦ ནས་ཆ་ཤས་བཞེས་ཡོད་སྐོར་གསུངས་འདུག

གཞན་ཡང་། ཚོང་ལས་རམ་འདེགས་ལས་གཞིའི་འོག་ལས་བསྡོམས་ཤོག་གྲངས་ ༢༨ ནས་ ༣༢ བར་ཟབ་སྤྱོང་གྲངས་ ༡༥ ཙམ་སྤྲད་འདུག་ན། ཟབ་སྦྱོང་སྤྲོད་མཁན་དག་ལ་ཚོང་ལས་ཐོག་དམིགས་བསལ་ཁྱད་ཡོན་གང་དག་ཡོད་པ་དང་། ཟབ་སྦྱོང་སྤྲོད་མཁན་ལ་ཁྱོན་བསྡོམས་འགྲོ་སོང་ག་ཚོད་ཕྱིན་ཡོད་མེད་དོགས་འདྲི་གནང་བར་བཀའ་ཤག་གིས། ཚོང་ལས་རམ་འདེགས་ལས་གཞིའི་འོག་སྐྱེད་སྲིང་སྦྱོང་བརྡར་དང་། ཚོང་ལས་ཆུང་ངུའི་རོགས་སྐྱོར། ལག་ཤེས་བརྒྱུད་ཚོང་ལས་སྦྱོང་བརྡར་བཅས་ཀྱི་ལས་འཆར་ཐོག་ཟབ་སྦྱོང་ཕུལ་ཡོད། ཟབ་སྦྱོང་སྤྲོད་མཁན་རྣམས་སོ་སོའི་ཚོང་ལས་སྡེ་ཁག་ནང་ཕྱག་ལས་གནང་མཁན་ཉམས་མྱོང་དང་ཤེས་ཚད་ལྡན་པ་ཤ་སྟག་ཡིན། ཟབ་སྦྱོང་སྤྲོད་མཁན་ཁག་ཅིག་ཚོང་ལས་འཆར་གཞི་བཟོ་འགོད་ཐོག་ཁྱད་མཁས་ཡིན་པ་དང་། འགའ་ཞིག་ཚོང་ལས་དེབ་སྐྱེལ་བྱེད་ཕྱོགས་ཐོག་ཁྱད་མཁས་ཡིན།  ལས་བསྡོམས་ནང་ཟབ་སྦྱོང་ཁག་ ༡༥ ཙམ་ཕུལ་ཡོད་པ་དེ་ལས་འཆར་གཞིར་བཟུང་ཚོང་ལས་ཀྱི་སྦྱོང་བརྡར མི་འདྲ་བ་མང་པོ་ཡོད། ཁྱད་མཁས་པ་ཁག་ཅིག་ལ་ལམ་གྲོན་མ་གཏོགས་འབུལ་མི་དགོས་པ་དང་ཁག་ཅིག་ལ་སློབ་དོད་དང་ལམ་གྲོན་གཉིས་ཀ་འབུལ་དགོས་པས་འདས་ལོའི་ནང་ཟབ་སྦྱོང་སྤྲོད་མཁན་ལ་སློབ་དོད་བསྡོམས་ཧིན་སྒོར་ ༣.༣༤༦.༤༨༧ ཕྱིན་ཡོད། ཅེས་ལན་འདེབས་གནང་འདུག

སུད་ཚོང་བ་གྲངས་ ༨༩༠ དང་། དབྱར་ཚོང་ཁྱིམ་ཚང་གྲངས་ ༢༤ བཅས་ལ་ཧིན་སྒོར་འབུམ་ ༢ རེ་ཟླ་དྲུག་རིང་སྐྱེད་ཆུང་རོགས་སྐྱོར་གནང་བའི་དངུལ་བུན་རྣམས་ཟླ་དྲུག་གི་དུས་ཐོག་ཏུ་གནང་ཐུབ་ཡོད་མེད་དང་། མེད་ན་དངུལ་འབོར་ཅི་ཙམ་ཕྱིར་སློག་ཐུབ་མེད་པ་དང་ད་ལྟ་གནས་སྟངས་ཇི་ཆགས་དོགས་འདྲི་གནང་བར་བཀའ་ཤག་གིས། སུད་ཚོང་ཁྱིམ་ཚང་གྲངས་ ༨༩༠ ལ་སྒོར་འབུམ་གཉིས་རེ་འཚོ་རྟེན་རོགས་སྐྱོར་འོག སྐྱེད་ཆུང་བུན་གཡར་བཏང་བ་མ་སྐྱེད་ཆ་ཚང་དུས་ཐོག་ཕྱིར་སློག་བྱུང་ཡོད། དབྱར་ཚོང་རྒྱག་མཁན་ཁྱིམ་ཚང་གྲངས་ ༢༤ ལ་ཧིན་སྒོར་

འབུམ་ ༢ རེ་འཚོ་རྟེན་རོགས་སྐྱོར་འོག་ཟླ་དྲུག་རིང་སྐྱེད་ཆུང་བུན་གཡར་བཏང་བའི་ཁོངས་ནས་མི་གྲངས་ ༡༡ ནས་མ་སྐྱེད་ཆ་ཚང་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ གོང་ཕྱིར་སློག་བྱུང་ཡོད་པ་དང་། ལྷག་འཕྲོ་ཁྱིམ་ཚང་ ༡༣ ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཚོང་རྒྱུག་མིན་གྱི་དབང་གིས་བུན་གཡར་ཕྱིར་སློག་བྱེད་རྒྱུའི་དུས་ཚོད་འཕར་འགྱངས་དགོངས་བཞེས་ཡོང་བ་ཞུ་དོན་བཞིན་དངོས་ཡོད་གནས་སྟངས་ལ་དགོངས་བཞེས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ནས་བུན་གཡར་ཕྱིར་སློག་ཞུ་རྒྱུ་ཟླ་དྲུག་རིང་སྐྱེད་མེད་དུས་འགྱངས་ཞུས་ཡོད། ཅེས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༡༡

Leave a Reply