ཐུབ་བསྟན་དབང་རྒྱལ་གྱིས་གཞུང་གི་ཡི་རངས་བསྔགས་བརྗོད་ཡི་གེ་བེད་སྤྱོད་ལོག་པར་བཏང་ནས་ཞལ་འདེབས་བསྡུས།

ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ལྟར་ན་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་ ༡༡ ནང་གཡག་དང་། ར་ལུག རྟ་བཅས་གྲངས་ ༤༤,༡༦༥ ཚུད་པའི་ཕྱུགས་ཆེ་ཆུང་ཁྱོན་ ༤༦༤༣༢ ཡོད་འདུག ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་གྱི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ཤོག་གྲངས་ ༥༢༧ ལ་སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་གནང་སྟེ། བསྔགས་བརྗོད་དང་དོགས་འདྲི་ནོར་བཅོས་རིགས་ ༨ གནང་བར་བཀའ་ཤག་ནས་ལན་འདེབས་གསལ་བཤད་གནང་བའི་ནང་། ལས་བསྡོམས་ནང་ཀུ་ལུ་ཁྱབ་ཁོངས་མེ་ལེ་ ༡༥ གནས་སྡོད་ཉམ་ཐག་ཁྱིམ་ཚང་གཅིག་གི་སྡོད་ཁང་ཉམས་བཟོ་ཞུ་རྒྱུར་འགྲོ་གྲོན་སྒོར་ས་ཡ་ ༠་༠༩ མཐུན་འགྱུར་ཞུས་ཡོད་ཅེས་རྩིས་ལོའི་ནང་གོང་གསལ་ལས་གཞིའི་ཆེད་ཁྱོན་འགྲོ་གྲོན་སྒོར་ས་ཡ་ ༣༢༡༦༩ ཕྱིན་ཡོད་ཅེས་པའི་དངུལ་འབོར་ཐད་དོགས་འདྲི་གནང་བར། བཀའ་ཤག་གིས་གོང་གསལ་ལས་གཞིའི་ཆེད་ཁྱོན་འགྲོ་གྲོན་སྒོར་ས་ཡ་ ༣༢༡༦༩ འཁོད་པ་དེ་བཞིན་ཁྱོན་ཡོངས་ཀྱི་ལས་གཞིའི་འགྲོ་གྲོན་དངུལ་འབོར་ཡིན་པ་དང་། དེའི་ནང་ཀུ་ལུ་ཁྱབ་ཁོངས་མེ་ལེ་ ༡༥ ནང་གནས་སྡོད་ཉམ་ཐག་ཁྱིམ་ཚང་གཅིག་གི་སྡོད་ཁང་ཉམས་བཟོའི་ཆེད་སྒོར་ ས་ཡ་ ༠་༠༩ དེ་ཡང་ཚུད་ཡོད་ཅེས་གསལ་བཤད་གནང་འདུག

དེ་བཞིན་རྩིས་ལོའི་ནང་བོད་མིའི་གཞིས་ཆགས་ཁག་ ༡༡ ནང་ཕྱུགས་ཆེ་ཆུང་དང་ཕོ་མོ་ཁྱོན་ ༤༦,༤༣༢ ཡོད་ཅེས་གསལ་བ་བཞིན་ཡིན་ན། གཞིས་ཁག་གཅིག་གི་ནང་དུ་རྩིས་ལོ་གཅིག་གི་རིང་དུ་སྒོ་ཕྱུགས་གྲངས་ ༤,༢༢༡ བྱུང་བར་མངོན་པས་དངོས་ཡོད་གནས་སྟངས་ཅི་ཡིན་ཐད་དོགས་འདྲི་གནང་བར་བཀའ་ཤག་གིས། སོ་ནམ་གཞིས་ཁག་ ༡༡ ནང་ཕྱུགས་ཆེ་ཆུང་ཁྱོན་ ༤༦༤༣༢ གསལ་ཁོངས་སུ་ལ་བྱང་འབྲོག་སྡེ་ཁུལ་གྱི་གཡག་དང་། ར་ལུག རྟ་བཅས་ཁ་གྲངས་ ༤༤,༡༦༥ ཚུད་ཡོད་པ་དང་། གོང་གསལ་ལ་བྱང་ཁག་གི་སྒོ་ཕྱུགས་སེམས་ཅན་ཕུད་པའི་སོ་ནམ་གཞིས་ཁག་ནང་ཕྱུགས་གྲངས་ ༢,༢༦༧ ཡོད་ཞུ་རྒྱུ་ཅེས་དང་། ཡང་བ་ཕྱུགས་གྲངས་ ༤ ལ་ཉིན་ལྟར་འོ་མ་ལི་ཊར་ ༣༠ ནས་ ༤༠ བར་གྱི་ཡོང་འབབ་ཡོད་པ་དང་དེའི་ཡོང་འབབ་ལོ་གཅིག་ལ་སྒོར ༢༥༠,༠༠༠།༠༠ རག་ཚུལ་གསལ་ན་ཡང་། ལྷོ་ཕྱོགས་ཀྱི་གནས་བབ་ལ་གཞིགས་ན། འོ་མ་ལི་ཊར་གཅིག་ལ་སྒོར ༤༠ ཉུང་མཐའ་ཞིག་ལ་རྩིས་ན་ཡང་། ཉིན་གཅིག་ལ་བ་ཕྱུགས་གྲངས་ ༤ ལ་འོ་མ་ལི་ཊར་ ༤༠ ཐོན་འབབ་ཡོད་པར་གསུང་བ་བཞིན། ཟླ་གཅིག་ལ་བ་ཕྱུགས་གྲངས་ ༤ ལ་འོ་མ་ལི་ཌར་ ༡༢༠༠ ཐོན་འབབ་བྱུང་བ་དང༌། ལོ་གཅིག་ལ་བ་ཕྱུགས་ ༤ ལ་འོ་མ་ལི་ཌར་ ༡༤,༤༠༠ འབབ་ཀྱི་འདུག་ན། དེའི་ཡོང་འབབ་སྒོར་ཉུང་མཐར་ ༥༧༦,༠༠༠།༠༠ དགོས་པར་མཐོང་བས་གོང་གསལ་ཡོང་འབབ་དང་མཐུན་གྱི་མེད་པའི་དོགས་འདྲི་གནང་བར་བཀའ་ཤག་གིས།  མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སོ་ནམ་སློབ་སྟོན་པའི་སྟངས་འཛིན་འོག་ཡོད་པའི་ཕྱུགས་གསོ་ཁང་གི་ཆེད་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡ ཉིན་བ་ཕྱུགས་སྤུས་ཉོས་ཀྱིས་ལས་གཞི་དངོས་སུ་འགོ་འཛུགས་ཞུས་པ་ཞིག་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༩ ནས་ ༢༠༢༠ ཟླ་ ༣ པའི་བར་ཟླ་བདུན་གྱི་འོ་མའི་ཐོན་སྐྱེད་ཡོང་འབབ་རྩིས་སྐོང་ཞུས་པ་ལས་ལོ་འཁོར་གཅིག་གི་འོ་མའི་ཐོན་སྐྱེད་རྩིས་སྐོར་ཞུས་མེད་སྐོར་གསུངས་འདུག

མེའོ་ས་གནས་སུ་ཇའི་བཟོ་གྲྭ་ཆུང་ངུ་ཞིག་གསར་འཛུགས་བྱ་རྒྱུའི་ལས་འཆར་དང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་ས་ཆ་བོགས་མའི་གནས་སྟངས་ག་འདྲ་ཡོད་དོགས་འདྲི་གནང་བར་བཀའ་ཤག་གིས། མེའོ་ས་གནས་སུ་ཇའི་བཟོ་གྲྭ་ཆུང་ངུ་ཞིག་གསར་འཛུགས་བྱ་རྒྱུའི་ལས་འཆར་དེ་རྒྱ་གར་དབུས་ས་གཞུང་ལ་ཁྲིམས་མཐུན་བཀའ་འཁྲོལ་ཞུ་བརྒྱུད་ཟིན་པས་བཀའ་འཁྲོལ་ཆོག་མཆན་ཐོབ་འཕྲལ་ལས་གཞི་ལག་བསྟར་ཞུ་རྒྱུ་དང་། གཞིས་སའི་བོགས་མའི་གན་ཡིག་བསྐྱར་གསོ་སླད་གན་ཡིག་རགས་ཟིན་དང་དེ་འབྲེལ་ཡིག་ཆ་ཁག་ས་གནས་མེ་སོར་རྫོང་དཔོན་ལས་ཁུངས་སུ་ཕུལ་ཟིན་འདུག་པས་མུ་མཐུད་མཇུག་སྐྱོང་ཞུ་མུས་ཡིན་སྐོར་གསུངས་འདུག

རྒྱ་གར་ནང་གནས་སྡོད་ཐུབ་བསྟན་དབང་རྒྱལ་ཞེས་པ་ཞིག་འབྲུག་ནང་བསླེབས་ཏེ་ཚུལ་མིན་ཞལ་འདེབས་བསྡུ་སློང་བྱེད་བཞིན་པའི་ཐད། དོ་བདག་གི་ལག་ཏུ་ཡོད་པའི་རྒྱབ་གཉེར་ཡིག་ཆ་ཆ་ཚང་རྩིས་ལེན་གྱིས་བདེ་སྲུང་ལས་ཁུངས་སུ་རྩིས་ཕུལ་ཞུས་ཡོད་ཚུལ་བཅས་ལ་གཞིགས་ན། དོ་བདག་དེར་རྒྱབ་གཉེར་གཞུང་འབྲེལ་མིན་པ་ཚོགས་པ་སུས་སྤྲད་ཡོད་མེད་ཁ་གསལ་དགོས་རྒྱུ་དང་། གལ་སྲིད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱབ་གཉེར་གནང་ཡོད་ན། དོ་བདག་གི་རྒྱབ་གཉེར་ཡིག་ཆ་བདེ་སྲུང་ལས་ཁུངས་སུ་ཅིའི་ཕྱིར་རྩིས་ཕུལ་བྱེད་དགོས་པ་ཡིན་ནམ། རྒྱབ་གཉེར་དེ་དག་རྫུན་བཟོ་ཡིན་ན་དོ་བདག་ཐུབ་བསྟན་དབང་རྒྱལ་གྱི་ཡིག་ཆ་དེ་དག་བདེ་སྲུང་ལས་ཁུངས་སུ་རྩིས་ལེན་ཙམ་ལས་ཉེས་པ་མེད་པའི་རྒྱུ་མཚན་དང་གནས་སྟངས་ངེས་པར་དུ་ཁ་གསལ་དགོས་གསུངས་པར་བཀའ་ཤག་གིས། གོང་གསལ་གནད་དོན་ཐད་འདི་ནས་འབྲུག་སྡོད་ལྟ་རྟོག་འགན་ཁུར་བར་བཀའ་མངགས་གནང་བ་བཞིན་ཁོ་པའི་རྒྱབ་གཉེར་ཡིག་ཆ་ཁག་རྩིས་ལེན་གྱིས་བདེ་སྲུང་ལས་ཁུངས་སུ་ཕུལ་ཡོད་པར་དེ་འབྲེལ་ཁོང་ལ་ཉེས་ཆད་གཏོང་ཡོད་མེད་དང༌། ད་ལྟའི་གནས་སྟངས་ཇི་ཆགས་སྐོར། འབྲེལ་ཡོད་བདེ་སྲུང་ལས་ཁུངས་ནས་ལན་གསལ་ཡོང་བའི་ཡིག་ཆུང་ཕུལ་ཟིན་འབྱོར་འཕྲལ་དེ་གར་འབུལ་འཐུས་ཆོག་པ་ཞུ་རྒྱུ་ཡིན། ཞེས་ལན་འདེབས་བྱས་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བདེ་སྲུང་ལས་ཁུངས་ལ་ཐུབ་བསྟན་དབང་རྒྱལ་ལགས་ཀྱི་གནད་དོན་ཐད་ལན་ག་རེ་གནང་ཡོད་མེད་དྲིས་པར་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས། ང་ཚོས་གནད་དོན་དེར་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ལན་འདེབས་བྱས་ཏེ་ནང་སྲིད་ལ་ཕུལ་ཟིན་པ་ཡིན། ཞེས་བརྗོད་བྱུང་བ་དང་། གསར་འགོད་པས་ཁ་པར་བརྒྱུད་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་ཚན་པའི་འགན་འཛིན་པདྨ་བཟང་པོ་ལགས་སུ་སྐོར་དྲིས་པར་ཁོང་གིས།  ཐུབ་བསྟན་དབང་རྒྱལ་ཞུ་བའི་མི་དེས་ཕྱི་ལོ་ ༢༠༠༩ ལོར་སློབ་གྲྭ་ཁག་དང་། ཁ་འཐོར་བོད་མིའི་ས་གནས་དང་གཞིས་ཆགས་ཁག་ཏུ་སྒེར་ངོས་ནས་ས་ལམ་རྣམ་གཞག་དང་འབྲེལ་བའི་ནང་ཆོས་སློབ་འཁྲིད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད། སྐབས་དེར་བཀའ་དྲུང་ཡིག་ཚང་དང་ཆོས་རིག་ལས་ཁུངས་གཉིས་ནས་ཁོ་རང་ལ་ཡི་རང་བསྔགས་བརྗོད་ཀྱི་ཕྱག་བྲིས་ཡི་གེ་རེ་ཕུལ་ཡོད་པ་རེད། དེར་བརྟེན། ཁོས་བསྔགས་བརྗོད་ཕྱག་བྲིས་དེ་དག་འཁྱེར་ནས་འབྲུག་ཁུལ་དུ་ཚུལ་ལྡན་མིན་པའི་ཞལ་འདེབས་བསྡུ་སློང་གི་བྱ་སྤྱོད་སྤེལ་ཡོད་པ་རེད། དེ་མིན་དམིགས་བསལ་གྱི་ཞལ་འདེབས་སློང་ཆོག་པའི་རྒྱབ་གཉེར་ཡི་གེ་གང་ཡང་མི་འདུག ང་ཚོས་འབྲུག་སྡོད་ལྟ་རྟོག་པ་རྡོ་རྗེ་རྒྱལ་པོ་ལགས་སུ་འབྲེལ་བ་ཞུས་ཏེ་དོ་བདག་གི་ཡིག་ཆ་གང་ཡོད་པ་ཚང་མ་བདེ་སྲུང་ལས་ཁུངས་ལ་རྩིས་འབུལ་གནང་བ་དང་ཞལ་འདེབས་བསྡུ་སློང་མཚམས་འཇོག་བྱེད་ཐུབ་པ་བྱུང་ཡོད། ཐུབ་བསྟན་དབང་རྒྱལ་ལ་ཉེས་ཆད་སོགས་གང་ཡང་ལག་བསྟར་བྱས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཡང་ནང་སྲིད་ཀྱི་ལས་བསྡོམས་ནང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ལས་དོན་དང་འབྲེལ་བའི་དོགས་འདྲིའི་ནང་། མཉམ་འབྲེལ་གྱི་ཁྱོན་ཡོངས་ནས་རྩིས་ཁྲ་ནང་གྱོང་གུད་བྱུང་བ་དང་གཙང་ཁེ་བགོ་སྤྲོད་ཞུ་ཐུབ་མེད་པ་དང་། ལག་ཤེས་སྡེ་ཚན། འཐུང་ཆུ་སྡེ་ཚན། འཕྲུལ་རྨོས་སྡེ་ཚན། སློབ་ཕྲུག་སྣུམ་འཁོར་སྡེ་ཚན། འཐུང་ཆུ་དྭངས་བསིལ་སྡེ་ཚན་བཅས་ལ་གྱོང་གུན་དུ་སོང་བ་མ་གཏོགས་ཁེ་བཟང་བྱུང་མེད་པས། འབྱུང་འགྱུར་སྤྱི་མཐུན་མཉམ་འབྲེལ་དང་ནང་སྲིད་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ནས་ལས་མི་དང་ལས་འཆར་མཇུག་སྐྱོང་མིན་བཅས་ལ་འཆར་གཞི་གང་ཡོད་དོགས་འདྲི་གནང་བར་བཀའ་ཤག་གིས། གོང་གསལ་སྡེ་ཚན་ཁག་མ་འོངས་གྱོང་གུད་དུ་མ་སོང་བར་ཡར་རྒྱས་གཏོང་རྒྱུའི་འགན་དབང་མཉམ་འབྲེལ་སོ་སོ་ལ་ཡོད་ནའང་། ནང་སྲིད་ལས་ཁུངས་ནས་སྐབས་དུས་སོ་སོར་རོགས་སྐྱོར་ལམ་སྟོན་ཇི་དགོས་གནང་མུས་ཡིན། དཔེ་མཚོན་དུ་ས་གནས་མཉམ་འབྲེལ་ཁག་གི་འཕྲུལ་ཆོས་སྡེ་ཚན་ཁག་ཚགས་ཚུད་ཡར་རྒྱས་ཡོང་ཆེད་ཁྱད་ལས་པས་ཞིབ་འཇུག་ཞུས་པའི་སྙན་ཐོ་ཁུངས་གཏོང་ཟིན་པའི་མ་འོངས་སྙན་ཐོ་ནང་གསལ་བཞིན་ལག་བསྟར་དོན་སྨིན་ཡོང་ཐབས་སུ་མཇུག་ནན་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་འདུག

མཇུག་ཏུ་སྤྱི་འཐུས་རྒྱུན་ལས་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཧ་ཅང་སྤུས་དག་དང་སྐྱོན་ཆ་ཉུང་བ་སོགས་ཀྱི་དགེ་མཚན་མང་དག་ཅིག་ཡོད་པས་བསྔགས་བརྗོད་དང་ཡི་རངས་དང་སྦྲགས། མ་འོངས་པར་ལས་དོན་གང་ཅིའི་ཐོག་ཞིབ་ཚགས་དང་ནན་འདྲོངས་སྔར་ལྷག་གནང་དགོས་སྐོར་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༡༢

Leave a Reply

One thought on “ཐུབ་བསྟན་དབང་རྒྱལ་གྱིས་གཞུང་གི་ཡི་རངས་བསྔགས་བརྗོད་ཡི་གེ་བེད་སྤྱོད་ལོག་པར་བཏང་ནས་ཞལ་འདེབས་བསྡུས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཡིག་ཐོག་གི་ལས་བསྡོམས་དང་དངོས་སུ་ས་གནས་ས་ཐོག་གི་ལག་བལྟར་བར་ཁྱད་པར་ཆེན་པོ་འགྲོ་གི་མེད་པ་ཡིན་ནམ?