རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཐད་ཀར་ཕྱིར་འབུད་གཏོང་ཆོག་པ་བཟོས།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཐད་ཀར་ཕྱིར་འབུད་གཏོང་ཆོག་པའི་གྲོས་ཆོད་ཅིག་བཞག་སྟེ་དམངས་གཙོ་སྲིད་དོན་ཚོགས་པའི་འཐུས་མི་ ༤ གནས་དབྱུང་བཏང་བའི་རྐྱེན་གྱིས་དམངས་གཙོ་ཚོགས་པའི་འཐུས་མི་ ༡༥ ཡིས་རྩ་དགོངས་ཞུ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་འདུགབྷི་བྷི་སི་གསར་ཁང་གིས་གསར་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབ་བྱས་ཏེ། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བསྐྲུན་མཁན་གྱི་ཉེས་མིང་འོག་ཆབ་སྲིད་པ་རྣམས་ཕྱིར་ཕུད་གཏོང་ཆོག་པར་བཟོས་ཏེ། ཧོང་ཀོང་གི་དམངས་གཙོ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ ༤ ཕྱིར་འབུད་བཏང་བར་བརྟེན། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ ༡༥ ཡིས་ཁོང་རྣམ་པ་བཞི་ལ་རྒྱབ་སྐྱོར་དང་། གཞུང་ལ་ངོ་རྒོལ་མཚོན་སླད་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པའི་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་དང་། ཁ་གཏད་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱང་གྲོས་ཚོགས་ནས་ཕྱིར་ཐོན་ཏེ་གདུང་སེམས་མཉམ་སྐྱེ་གནང་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཨ་རི་དང་ཁེ་ན་ཌའི་གཞུང་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་འདུག

ཐེངས་འདིའི་གྲོས་ཆོད་གསར་པ་དེའི་འོག་ཕྱིར་འབུད་བཏང་བའི་གྲོས་ཚོགས་འཐུས་མི་ ༤ ནི་སྤྱི་དམངས་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨལ་ཝིན་ཡོན་(Alvin Yeung)དང་གྲོས་ཚོགས་འཐུས་མི་(Kwok Ka-ki)། དེ་བཞིན་ཌན་ནེ་སི་(Dennis Kwok) བཅས་དང་།  ཕྱི་ལོ་ ༢༠༡༦ ལོར་བཙུགས་པའི་ཧོང་ཀོང་གི་སྲིད་དོན་ཚོགས་པའི་(Professionals Guild)གྲོས་ཚོགས་འཐུས་མི་ཁན་ནེ་ཐི་(Kenneth Leung) ལགས་བཅས་ཡིན་འདུག་ལ། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས། ང་ཚོ་གོ་གནས་མེད་པར་བཟོས་པའི་རང་ཉིད་ཀྱི་ལས་རོགས་གྲོས་ཚོགས་འཐུས་མི་ཚོའི་རྒྱབ་ཏུ་ལངས་ཏེ། དུས་གཅིག་ཏུ་རྩ་དགོངས་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་།  ད་དུང་ (Dennis Kwok) ལགས་ཀྱིས། གལ་ཏེ་མང་གཙོའི་ལམ་ལུགས་ལ་བརྩི་སྲུང་དང་དེའི་ཆེད་དུ་བརྩོན་ལེན་བྱས་པ་དང། འགྲོ་བ་མིའི་ཐོབ་ཐང་མེད་པ་བཟོས་པ་ཡིན་ན། དེ་ནི་ཁོ་རང་གི་གཟི་བརྗིད་ཡིན་པ་གསུངས་འདུག

གསར་དུ་གཏན་འབེབ་བྱས་པའི་གྲོས་ཆོད་དེའི་ནང་། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་སུ་རུང་ཞིག་གིས། ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་དང་ཕྱིའི་སྲིད་གཞུང་དང་ལག་འབྲེལ་གྱིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ། དེ་བཞིན། ཧོང་ཀོང་རྒྱ་ནག་གི་མངའ་ཁོངས་ཡིན་པར་དགག་སྒྲུབ་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་ཚེ། ཧོང་ཀོང་སྲིད་གཞུང་ནས་ཁྲིམས་ཁང་བརྒྱུད་མི་དགོས་པར་ཐད་ཀར་གྲོས་ཚོགས་འཐུས་མི་དེ་ཕྱིར་འབུད་གཏང་ཆོག་གི་ཡོད། ཅེས་བརྗོད་ཡོད་འདུགརྒྱ་ནག་གིས་ཧོང་ཀོང་ནང་གྲོས་ཆོད་གསར་པ་དེ་ལག་བསྟར་བྱས་པར་ཨ་རི་དང་ཁེ་ན་ཌ་གཉིས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག ཨ་རིའི་རྒྱལ་སྲིད་བདེ་འཇགས་ཀྱི་ལམ་སྟོན་པ་རའོ་བྷར་ཊི་ (Robert o’brien) ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་ཧོང་ཀོང་ལ་བཞག་པའི་ཁས་ལེན་དམ་བཅའ་ཤེས་བཞིན་དུ་རྡོག་རོལ་བཏང་སྟེ་གྲོས་ཚོགས་འཐུས་མི་ ༤ ཡི་གོ་གནས་མེད་པར་བཟོས་པ་རེད། ཅེས་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ནི་ཧོང་ཀོང་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སོ་སོའི་སྲིད་དབང་སྒེར་གཅོད་རྒྱ་སྐྱེད་གཏོང་ཐབས་ཁོ་ན་ཙམ་རེད། ཅེས་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན། ཨ་རིས་རྒྱལ་སྤྱིའི་ཁྲིམས་ཀྱི་དབང་ཚད་བཀོལ་སྤྱོད་ཀྱིས་ཧོང་ཀོང་གི་རང་དབང་ལ་ཁྱད་གསོད་གཏོང་མཁན་རྣམས་ལ་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཐག་གཅོད་གནང་ཡོད་པ་རེད།

དེ་བཞིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ཧྥི་རན་ཁུ་སི་(francois)ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཁས་བླངས་པའི་དམ་བཅའ་རྣམས་རྩིས་མེད་གཏོང་གི་ཡོད་པར་བློ་ཕམ་ཞེ་དྲགས་བྱུང་། ཁེ་ན་ཌ་མུ་མཐུད་ཧོང་ཀོང་མི་མང་གི་རྒྱབ་ཏུ་ཡོད། ཅེས་གསུངས་ཡོད་པ་རེད། དེ་བཞིན།  དམངས་གཙོ་ཚོགས་པའི་ཚོགས་གཙོ་ཝོ་ཁྲི་ཝའེ་ (Wu Chi-wai)ལགས་ཀྱིས། ང་ཚོས་འཛམ་གླིང་ལ་ད་ལྟ་ང་ཚོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་ལབ་ཐུབ་ཀྱི་མི་འདུག་ལ། ད་ལྟ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཞུང་འབྲེལ་ཐོག་ནས་ཤི་ཚར་བ་རེད། ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་བྷེན་(Wang Wenbin) ཟེར་བས། གྲོས་ཚོགས་འཐུས་མི་བཞི་ཡི་ཐོབ་ཐང་མེད་པ་བཟོས་པ་ནི་ཚུལ་མཐུན་དང་རྒྱུ་མཚན་དང་ལྡན་པ། དེ་བཞིན རྩ་ཁྲིམས་བཅའ་ཁྲིམས་དང་མཐུན་པ་ཡིན་ཞིང་། གྲོས་ཆོད་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་ཧོང་ཀོང་ཡར་རྒྱས་གཏོང་ཆེད་དང་། ཧོང་ཀོང་གི་གཞི་རྩའི་རྩ་ཁྲིམས་དང་ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་བྱེད་སླད་ཡིན་སྐོར་སོགས་བརྗོད་ཡོད་ཀྱང་། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ ༤ བཞི་གནས་དབྱུང་བཏང་བ་ནི་ཧོང་ཀོང་གི་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་ཞིག་ལ་མཐའ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༡/༡༢

Leave a Reply

One thought on “རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཐད་ཀར་ཕྱིར་འབུད་གཏོང་ཆོག་པ་བཟོས།