ཨ་རི་གཞུང་གིས་རྒྱ་ནག་གི་བཟོ་གྲྭ་མང་པོར་མཉམ་འབྲེལ་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་།

ཨ་རིའི་གཞུང་གིས་འཛམ་གླིང་ནང་བརྙན་མིག་དང་ཁ་པར་གྱི་བཟོ་སྐྲུན་ཁང་ཆེ་ཤོས་སུ་གྱུར་བའི་རྒྱ་ནག་གི་ཧཱ་ཝེ་དང་ (Hikvision)་དང་(China Telecom)སོགས་ཚུད་པའི་དམག་དོན་དང་འབྲེལ་བ་ཡོད་པའི་བཟོ་གྲྭ་ཁག་ལ་མཉམ་འབྲེལ་ཚོང་ལས་མཚམས་འཇོག་དགོས་པའི་བཀའ་བཏང་འདུགསི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཁྲིམས་གཞི་ཞིག་ལ་མཚན་རྟགས་བསྐྱོན་ཏེ། ཨ་རིའི་མི་མང་ནས་རྒྱ་ནག་གི་དམག་དོན་དང་འབྲེལ་བའི་བཟོ་གྲྭ་ཁག་ཏུ་མ་རྐང་དང་མཉམ་ལས་ཚོང་འབྲེལ། དེ་བཞིན་མ་དངུལ་འཛུགས་རྒྱུ་སོགས་མཚམས་འཇོག་བྱེད་དུ་བཅུག་སྟེ། ཨ་རིས་ཚོང་འབྲེལ་བརྒྱུད་རྒྱ་ནག་གི་དམག་དོན་ཐད་རོགས་དངུལ་གཏོང་གི་ཡོད་པའི་ལས་རིགས་རྦད་དེ་མཚམས་འཇོག་བྱེད་ཀྱི་ཡོད་སྐོར་གསུངས་འདུག

མ་དངུལ་དང་མཉམ་འབྲེལ་ཚོང་ལས་མཚམས་འཇོག་བྱེད་དུ་བཅུག་ཡོད་པའི་རྒྱ་ནག་གི་ཚོང་ལས་ཁང་དག་གི་ཁྲོད། འཛམ་གླིང་ནང་བརྙན་མིག་དང་ཁ་པར་གྱི་བཟོ་སྐྲུན་ཐོན་སྐྱེད་ཆེ་ཤོས་སུ་གྱུར་བའི་རྒྱ་ནག་གི་ཧཱ་ཝེ་དང་ (Hikvision)། རྒྱ་ནག་ཁ་པར་(China Mobile)དང་གློག་འཕྲིན་(China Telecom)སོགས་ཀྱི་བཟོ་གྲྭ་ཡོད་འདུག

ཨ་རིའི་བཀག་སྡོམ་ཐད་རྒྱ་ནག་གི་བརྙན་མིག་བཟོ་སྐྲུན་ཚོང་ལས་ཁང་གིས། ཨ་རིས་ང་ཚོའི་བཟོ་གྲྭ་བཀག་སྡོམ་བྱེད་པར་གཞི་འཛིན་ས་གང་ཡང་མེད། ང་ཚོ་(Hikvision)བཟོ་གྲྭ་ནི་རང་རྐྱ་འཕེལ་བ་དང་སྤྱི་དམངས་ལ་ཚོང་རྒྱག་མཁན་གྱི་བཟོ་གྲྭ་ཞིག་ཡིན་པ་ལས་རྒྱ་ནག་དམག་གི་བཟོ་གྲྭ་ཞིག་གཏན་ནས་མིན། ང་ཚོས་རྒྱ་ནག་གི་དམག་དོན་དང་འབྲེལ་བའི་ལས་དོན་གཅིག་ལའང་ཞིབ་འཇུག་དང་མཉམ་ཞུགས་བྱས་མྱོང་མེད། ཅེས་ལན་བཏབས་ཡོད་པ་དང་། རྒྱ་ནག་གི་བཟོ་གྲྭ་ཁག་གཞན་ཚོས་ད་ལྟ་ད་དུང་ལན་འདེབས་གང་ཡང་བྱས་མེད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་འཛིན་སྐྱོང་འོག རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་ལ་གནོན་ཤུགས་སྤྲད་ཡོད་པ་དང་། དམིགས་བསལ་རྒྱ་ནག་གི་འཕྲུལ་རིག་འཕེལ་རྒྱས་ལ་དམིགས་འབེན་ཤུགས་ཆེན་བཟུང་ཞིང་། ད་རེས་ཀྱི་་ཁྲིམས་གཞི་དེ་ཡང་ཨ་རྒྱ་གཉིས་བར་ཚོང་འབྲེལ་དང་འཕྲུལ་རིག་གི་འཐབ་འཁྲུག་ཡོང་དང་ཡོང་བཞིན་པའི་སྐབས་བཀའ་ཁྱབ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་རེད།

ཐེངས་འདིའི་ཁྲིམས་ཀྱི་བཀའ་ཁྱབ་ནང་། རྒྱ་ནག་གི་བཟོ་གྲྭ་ཁག་ ༣༡ གིས་རྒྱ་ནག་གི་འཕྲུལ་རིག་དང་དམག་དོན་དེང་རབས་ཅན་དུ་བསྒྱུར་ཏེ་ཐད་ཀར་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད། ཅེས་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་ཚོང་ལས་མི་སྣས་རྒྱ་ནག་གི་བཟོ་གྲྭ་ཁག་དང་ལྷན་དུ་མཉམ་ལས་ཚོང་འབྲེལ་དང་མ་འཛུགས།  ད་དུང་ལས་བྱེད་ཀྱི་གསོག་དངུལ་དང་ཚོང་པ་རང་ཉིད་ལ་བདག་པའི་མ་དངུལ་དང་ཚོང་རྫས་གང་ཡོད་པ་ཚང་མ་ལོགས་སུ་བྱས་ཏེ་གཙང་བཟོ་བྱེད་དགོས་ཀྱི་ཡོད་པ་དང་། ཨ་རིའི་ཚོང་པ་ཚོས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ བར་རྒྱ་ནག་གི་བཟོ་གྲྭ་དང་མཉམ་ལས་ཚོང་འབྲེལ་ཁག་ཏུ་ཡོད་པའི་སྒེར་གྱི་མ་དངུལ་དང་མ་རྐང་སོགས་ཕྱིར་ཨ་རིའི་ནང་ཁ་བསྒྱུར་བྱེད་དགོས་ཀྱི་ཡོད་པ་སོགས་ཐག་གཅོད་གནང་ཡོད་འདུག

ཨ་རིའི་ཚོང་དོན་ལྟ་ཞིབ་པ་པོལ་ཊེར་ལའོ་(Paul Triolo)ལགས་ཀྱིས། ཨ་རིའི་སྲིད་འཛིན་ཊོམ་ཕུའི་འཛིན་སྐྱོང་གིས་སྲིད་འཛིན་ལས་ཁུར་མཚམས་འཇོག་མ་ཞུས་སྔོན་དམིགས་བསལ་རྒྱ་ནག་གི་འཕྲུལ་རིག་བཟོ་གྲྭ་ཁག་ལ་གནོན་ཤུགས་ཆེན་པོ་སྤྲོད་འདོད་ཡོད་ཀྱང་། རྒྱ་ནག་གིས་ཊོམ་ཕུ་གཞུང་ལ་རྒོལ་ལན་སློག་རྒྱུ་མིན་པ་མ་ཟད། ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༢༠ བར་རྗོ་བྷའེ་ཌན་མཆོག་ནས་སྲིད་འཛིན་ལས་ཁུར་མ་ཞུས་བར་དུ་རྒྱ་ནག་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་ཕོག་ཐུག་གཏོང་རྒྱུ་མིན་པ་རེད། ཅེས་བརྗོད་ཡོད་པ་དང་། འདི་ལོའི་ལོ་མགོར་ཨ་རིས་རྒྱ་ནག་གི་འཕྲུག་རིག་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་ཡིས་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་ངོས་འཛིན་འོག ཧྭ་ཝེ་ལ་ཉེན་ཆད་བཏང་ཡོད་པ་མ་ཟད། ཧྭ་ཝེ་ལ་ཨ་རིའི་འཕྲུལ་རིག་གི་ཁྲོམ་རའི་རང་དབང་ཚང་མ་བཀག་སྡོམ་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༡༣

Leave a Reply