ཚེ་སྔོན་མའི་སྐོར་ཧ་ཅང་གསལ་པོ་དྲན་པའི་རྒྱུ་རྐྱེན་ལ་ང་ཚོས་ཚན་རིག་དང་མཐུན་པའི་ཐོག་ནས་ལན་ཞིག་རག་དགོས།

ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་དབྱིན་སྒྱུར་བ་བསྟན་འཛིན་བདེ་ཆེན་རོ་ཆར་ཌི་ (Tenzin Dechen Rochard) ལགས་ཀྱིས་གནའ་བོའི་གཞུང་གི་བསྟན་དོན་དང་ཚན་རིག་དང་ཚད་ཉིད་རིག་པས་མཚོན་པའི་དེང་རབས་ཀྱི་རིག་གནས་བར་ཟམ་པ་ལྟ་བུ་འཛུགས་ཐབས་ཀྱི་ལས་གཞི་འདི་རིམ་པས་ཡར་རྒྱས་གཏོང་གལ་ཆེ་སྐོར་བརྗོད་འདུག དེ་རིང་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་དབྱིན་བསྒྱུར་དེབ་དབུ་འབྱེད་གནང་སོང་བ་དང་། དབུ་འབྱེད་སྐབས་ཝ་སི་ཀོན་སིན་གཙུག་ལག་མཐོ་སློབ་ཁང་གི་མིའི་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་རྗོན་ཌཱན་ལགས་དང་། སེམས་དང་སྲོག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཝིསི་ཌཱམ་དཔེ་སྐྲུན་ཁང་གི་མགོ་ཁྲིད་ཌེ་ནི་ཡལ་ཨེཊ་ཀེན་བཅས་མཉམ་ཞུགས་གནང་འདུག་ལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེང་སྐབས་ཀྱི་དུས་ལ་དངོས་ཁམས་རིག་པ་ཡག་ཐག་ཆོད་ཡོད་ནའང་། མ་འདང་པའི་ཆ་དེ་སེམས་ཁམས་རིག་པ་ཆགས་ཡོད་སྐོར་གསུངས་འདུག

ཕྱག་དེབ་དབུ་འབྱེད་མ་གནང་སྔོན་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ནང་པའི་གཞུང་གི་ནང་ཕྱིའི་གཟུགས་རྩད་གཅོད་བྱེད་པ་ཡོད་པ་རེད་ལ། རྡུལ་ཕྲ་རབ་ལས་གྲུབ་པ་གང་འདྲ་ཡིན་མིན་རྩད་གཅོད་བྱེད་པ་དེ་འདྲ་ཡོད་པ་རེད། ཡིན་ནའང་གཙོ་བོའི་གཙོ་བོ་སེམས་ཁམས་རིག་པ་དེ་གཙོ་བོ་བྱས་ནས་གསུངས་ཡོང་གིན་འདུག དེ་འདྲ་ཡིན་དུས་དེ་རིང་ཁ་སང་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་དུས་ཀྱང་། ཕྱི་དངོས་ཁམས་རིག་པ་དེ་ཚན་རིག་པ་ཚོས་རྩད་གཅོད་བྱས་ནས་གནས་ཚུལ་ཡག་ཐག་ཆོད་ཤེས་ཡོད་པ་རེད། སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་ནས་ཚན་རིག་ཡོང་བ་རེད། ཚན་རིག་གི་ནང་སེམས་ཁམས་རིག་པའི་སྐོར་ཞེ་དྲག་ཚད་དམའ་པོ་རེད། བྱས་ཙང་། དང་པོ་ང་ཚོའི་ཡིད་བློ་དང་སྒོ་ལྔའི་རྣམ་པར་ཤེས་པ་དེ་ཚོའང་དབྱེ་བ་ཤེས་ཀྱི་མི་འདུག དེང་སང་ཀླད་པའི་ཚན་རིག་པ་ཚོས་ཀླད་པའི་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་རྒྱག་མཁན་དེ་ཚོའི་གྲས་ཀྱིས་སེམས་ཀྱི་རྣམ་རྟོག་འདྲ་མིན་ཡོང་བའི་སྐབས་སུ་ཀླད་པ་སོ་སོར་བྱེད་ལས་འདྲ་མིན་ཡོང་གི་ཡོད་པ་ཞིག་བཤད་ཀྱི་འདུག དེ་འདྲ་ཡིན་དུས་སེམས་ཁམས་རིག་པ་དེ་དེང་སྐབས་མ་འདང་པའི་ཆ་ཞིག་རེད་འདུག སྤྱིར་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ནང་འཚེ་བ་མེད་པ་དང་སྙིང་རྗེ་བཤད་ཡོང་དུས་སེམས་ཁམས་དང་འབྲེལ་བ་ཡོད་པ་རེད། ཕལ་ཆེར་ལོ་ཉིས་སྟོང་གོང་ནས་རྒྱ་གར་ནང་དུ་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་། ཡིད་ལ་དཔྱད་པ་བྱེད་པའི་སོ་སོའི་ཤེས་རབ་ཀྱིས་ལྷག་པར་མཐོང་བ་ཟེར་བ་དེ་ཚོའི་གྲས་དེ་རྒྱ་གར་ལ་ལོ་ཉིས་སྟོང་གོང་ནས་ཡོད་བསྡད་པ་ཞིག་རེད་འདུག དེ་བས་སེམས་ཁམས་རིག་པ་དེ་ང་ཚོས་ཤེས་དགོས་པ་ཞིག་དང་། དེང་སྐབས་ཀྱི་དུས་ལ་དངོས་ཁམས་རིག་པ་ཡག་ཐག་ཆོད་ཡོད་པ་རེད་དེ། མ་འདང་པའི་ཆ་དེ་སེམས་ཁམས་རིག་པ་ཆགས་ཡོད་པ་རེད། དེ་ནི་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མ་རེད། ཤེས་ཡོན་གྱི་འདུ་ཤེས་འཛིན་དགོས་ཀྱི་ཡོད་པ་རེད། ཚན་རིག་པ་དང་མཉམ་དུ་ང་ཚོས་སྐད་ཆ་བཤད་དེ་སེམས་ཁམས་རིག་པའི་སྐོར་ལ་གོ་བསྡུར་མང་པོ་ཞིག་བྱེད་སྡོད་ཀྱིན་ཡོད་པ་རེད། དེ་ཕན་ཐོགས་འདུག ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་གྱི་རིག་གཞུང་དང་དེའི་ནང་ཚན་ནས་ནང་པའི་རིག་གཞུང་ནང་གི་སེམས་ཁམས་རིག་པའི་སྐོར་ལ་གསུངས་པ་དེའི་གྲས་ལ་དམིགས་བསལ་གྱི་དོ་སྣང་ཞིག་བྱས་ནས་ཡོང་གི་འདུག ཅེས་གསུངས་སོང་།

དུས་རབས་ཉི་ཤུ་པའི་སྨད་ཙམ་བར་དུ་མི་ཚོས་སེམས་ཀྱི་སྐོར་ལ་ཧ་ལམ་དོ་སྣང་བྱས་མེད་པ་རེད། སེམས་ཟེར་དུས་ཀླད་པ་ཁོ་ན་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་ཞིབ་འཇུག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་མི་ཚོས་སྙིང་འཕར་ལྡིང་མཚམས་འཇོག་བྱས་པ་དང་ཁྲག་གི་འཁོར་རྒྱུག་འགག་པ། དེ་བཞིན་ཀླད་པའི་བྱེད་ལས་མཚམས་བཞག་ཚེ། མི་དེ་ཤི་ཚར་བར་སྤྱི་ཡོངས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བདུན་གཅིག་གམ་གཉིས་གསུམ་ལ་ལུས་ཕུང་སོས་པར་གནས་བ་ལ་བརྟེན། ཚན་རིག་གི་ཐོག་ནས་དེར་འབྲེལ་བཤད་རྒྱག་ཐུབ་ཀྱི་མེད་པ་རེད། གནས་ཚུལ་གཞན་ཞིག་ནི་བྱིས་པ་རེ་འགས་ཚེ་སྔོན་མའི་སྐོར་ཧ་ཅང་གསལ་པོ་དྲན་གྱི་ཡོད་པ་རེད། ངོས་ཀྱང་བྱིས་པ་ཆུང་ཆུང་རེ་འགར་ཐུག་རྒྱུ་བྱུང་། དེ་བཞིན་རྒྱ་གར་བ་ནང་པ་མིན་པའི་བུ་མོ་ཆུང་ཆུང་གཉིས་དང་ཐུག་བྱུང་ལ། ཁོང་གཉིས་ཀྱིས་ཧ་ཅང་གསལ་པོའི་ངང་ཚེ་སྔོན་མའི་ཁྱིམ་དང་ཕ་མ། གཉེན་ཉེ་སོགས་དྲན་གྱི་འདུག སེམས་དེ་ཀླད་པར་ངོས་འཛིན་བྱེད་མཁན་གྱི་ཚན་རིག་པ་ཚོས་ད་ལྟ་རིམ་པས་ཀླད་པ་ལས་གཞན་ཞིག་ཡོད་པ་དང་། དེ་ཅི་ཞིག་ཡིན་མིན་གྱི་དོགས་སློང་འབྱུང་གི་ཡོད་པ་རེད། དེ་ལ་ང་ཚོས་སེམས་འབོད་ཀྱི་ཡོད་པ་རེད། རིམ་པས་ཚན་རིག་པ་ཚོས་ང་ཚོའི་ཀླད་པར་རྐྱེན་སྤྲོད་མཁན་དེ་ཅི་ཞིག་ཡིན་པར་ཞིབ་འཇུག་བྱེད་མགོ་རྩོམ་གྱི་ཡོད། དེ་བཞིན་ཚེ་སྔོན་མའི་སྐོར་ཧ་ཅང་གསལ་པོ་དྲན་པའི་བྱིས་པ་དེ་དག་གི་འདས་པའི་དྲན་པ་དེ་དག་ཅི་ཞིག་གིས་ཚེ་སྔོན་མ་ནས་ད་ལྟའི་ལུས་ལ་འཁྱེར་ཡོང་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་མགོ་རྩོམ་གྱི་ཡོད་པ་རེད། འདི་རིགས་ལ་ང་ཚོས་ཚན་རིག་དང་མཐུན་པའི་ཐོག་ནས་ལན་ཞིག་རག་དགོས་པ་རེད། ཅེས་གསུངས་འདུག

ཡང་ནང་ཆོས་དང་ཚན་རིག་གཉིས་ནང་འགལ་མིན་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  ཞིབ་ཚགས་པོར་བསམ་བློ་ཞིག་བཏང་ཚེ་ནང་ཆོས་དང་ཚན་རིག་གཉིས་གཅིག་ཕན་གཅིག་གྲོགས་ལྟ་བུ་ཞིག་ཡིན་པ་ལས་ནང་འགལ་འགྲོ་བ་ཞིག་མིན་པ་དང་། བཀའ་བསྟན་པོད་སུམ་བརྒྱ་ཙམ་ཡོད་པ་རྣམས་ནང་པའི་ལྟ་གྲུབ་དང་ཚན་རིག ཆོས་བཅས་སྡེ་ཚན་གསུམ་དུ་ཕྱེ་ཆོག་པ་དང་། གཅིག་དེ་ཕྱི་དངོས་པའི་གནས་ཚུལ་དང་དེའི་ནང་གཙོ་བོ་སེམས་དང་འབྲེལ་བ་ཡོད་པ་དང་། རྡུལ་དང་རླབས་རྒྱུན་སོགས་ཚུད་པ། ནང་པའི་ལྟ་གྲུབ་ཀྱི་ནང་ཚད་རྡུལ་རིག་པས་གསུངས་པའི་ལྟ་བ་དེ་ཚོ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་དང་ཅུང་མཚུངས་པ་དང་། ཆོས་ནི་ནང་པའི་ཆོས་པ་ཚོ་དང་འབྲེལ་བ་ཡོད་སྟབས་ནང་པ་ཚོར་ཐད་ཀར་འབྲེལ་བ་ཡོད་པ་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ནི་ནང་པ་ཕུད་པའི་ཚན་རིག་པ་སོགས་ལ་འབྲེལ་བ་ཡོད་པས་ཤེས་ཡོན་གྱི་སྡེ་ཚན་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་ད་ཐེངས་ཀྱི་དེབ་ཕྲེང་གི་ལོ་ཙཱ་བ་བསྟན་འཛིན་བདེ་ཆེན་རོ་ཆར་ཌི་ (Tenzin Dechen Rochard) ཡིས་སོ་སོའི་བསྒྱུར་གྱི་ཉམས་མྱོང་སྐོར་ནས་བརྗོད་དོན། ངས་༧གོང་ས་མཆོག་ལ་བསྒྱུར་གྱི་ཐོག་ནས་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་བསྐལ་བཟང་ཞིག་ཏུ་རྩི་ཡི་ཡོད། སྤྱིར་བསྒྱུར་གྱི་བྱ་བ་དེ་ཁེར་རྐྱང་གི་བྱ་འགུལ་ཞིག་ཡིན་ནའང་། དྷ་སར་གནས་བཞུགས་དེབ་ཕྲེང་གི་རྩོམ་སྒྲིག་པ་དགེ་བཤེས་བཞི་དང་། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སོགས་དང་ལྷན་དུ་མཉམ་ལས་བྱས་ཐུབ་ཡོད། ད་ལན་བསྒྱུར་གྱི་ཆ་ནས་གདོང་ལེན་བྱེད་སའི་གནད་དོན་ནི། དཔེ་ཆའི་ནང་དོན་གྱི་ཆ་ནས་གཏིང་ཟབ་པོ་དང་ཁག་པོ་ཡིན་སྟབས། དེང་དུས་ཀྱི་ཀློག་པ་པོ་ཚོར་གོ་བདེ་བཟོ་རྒྱུ་དེ་ཡིན་པ་དང་། གནའ་བོའི་གཞུང་གི་བསྟན་དོན་དང་ཚན་རིག་དང་ཚད་ཉིད་རིག་པས་མཚོན་པའི་དེང་རབས་ཀྱི་རིག་གནས་བར་ཟམ་པ་ལྟ་བུ་འཛུགས་ཐབས་ཀྱི་ལས་གཞི་འདི་ལམ་སང་ལེགས་གྲུབ་ཡོང་ཐབས་མེད་པར། རིམ་པས་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་པ་དང་། ད་ལན་གྱི་བསྒྱུར་གྱི་ལས་གཞི་འདི་ནི་མ་འོངས་པའི་བྱ་བ་ཀུན་གྱི་གཞི་རྟེན་ལྟ་བུ་ཆགས་ཡོད་སྐོར་དང་། ལོ་ཙཱ་བ་རང་ཉིད་ནས་མ་འོངས་པར་མུ་མཐུད་ལས་གཞི་དེར་ཞབས་ཕྱི་ཞུ་འདོད་ཡོད་སྐོར་བརྗོད་སོང་བ་དང་། ཡང་ཁོང་མོས། རང་ཉིད་ལྟ་བུར་མཚོན་ན་དེ་སྔ་ནང་པའི་ལྟ་གྲུབ་ཐོག་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན་ནའང་། འདི་ལྟ་བུའི་བསྟན་དོན་ཟབ་པའི་དཔེ་ཆ་ཞིག་བསྒྱུར་བར་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཞིབ་ཚགས་ཀྱི་རྒྱུས་ལོན་དགོས་པར་བརྟེན། བསྒྱུར་གྱི་བརྒྱུད་རིམ་ཁྲོད་རང་ཉིད་ལའང་བློ་སྐྱེད་གསར་པ་མང་པོ་ཞིག་ཐོབ་ཡོད་སྐོར་བརྗོད་སོང་།ཐེངས་འདིའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་ཕྲེང་གཉིས་པའི་དབྱིན་བསྒྱུར་ལས་གཞིའི་ཞུ་ཆེན་༧སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ༧གོང་ས་མཆོག་གི་བཀའ་དགོངས་འོག་མགོ་བརྩམས་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་ཕྲེང་རྩོམ་སྒྲིག་ལས་གཞི་འདི་ནི། འདས་པའི་ལོ་ངོ་ ༢༥༠༠ ལྷག་གི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་གསར་བརྗེ་ཞིག་ཡིན་པ་དང་། རྩོམ་སྒྲིག་བྱས་པའི་དེབ་ཕྲེང་རྣམས་དེང་དུས་ཀྱི་ཀློག་པ་པོའི་ཁམས་དང་མོས་པ་ལ་བསྟུན་ནས་བསྒྲིགས་པ་ཞིག་ཡིན་སྟབས། སྔར་དང་མི་འདྲ་བར་དེང་དུས་ཀྱི་ཀློག་པ་པོ་ཚོར་ནང་བསྟན་གྱི་ལྟ་གྲུབ་དང་ཚན་རིག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་དང་། ༧གོང་ས་མཆོག་ནས་ལས་གཞི་འདི་བརྒྱུད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཚོན་པའི་རྒྱ་གར་གྱི་གནའ་བོའི་ན་ལེཎྜའི་མཁས་པ་རྣམས་ཀྱི་ཤེས་རབ་དང་བསམ་བློ་རྣམས་འཛམ་གླིང་གི་མི་མང་ལ་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་ཐབས་གནང་ཡོད་པ་དང་། ད་ཐེངས་དབྱིན་བསྒྱུར་ཞུས་པའི་དེབ་ཕྲེང་གཉིས་པ་དེ་ནང་པའི་བཀའ་བསྟན་ལས་གསུངས་པའི་སེམས་ཀྱི་སྐོར་ཡིན་ཞིང་སྡེ་ཚན་ཆེན་པོ་བཞི་ལ་ཆ་བགོས་བྱས་ཡོད་སྐོར་དང་། དེ་བཞིན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་ཕྲེང་ལྷག་འཕྲོ་གཉིས་དེ་ད་ལྟ་སྒྱུར་མུས་ཡིན་པ་དང་། འབྱུང་འགྱུར་ལོ་ ༢ ནང་འགྲེམ་སྤེལ་བྱ་འཆར་ཡོད་སྐོར་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༣

Leave a Reply