ད་ལོའི་ཨ་མེ་རི་ཀའི་སྲིད་འཛིན་གྱི་མཐའ་མའི་ཐག་གཅོད་དེ་འདི་ལྟར་བྱེད་བཞིན་ཡོད།

 བཀྲ་ཤིས་རབ་བརྟན།

  གསར་འགྱུར་བརྒྱུད་ལམ་ཁག་ནས་ཇོ་དཔལ་ལྡན་ནི་ཐེངས་འདིར་མང་མོས་འདེམས་ཐོན་བྱུང་བའི་ཨ་མེ་རི་ཀའི་སྲིད་འཛིན་ཨང ༤༦ པ་ཡིན་པར་བཤད་པ་བཞིན། ལས་ཐོག་སྲིད་འཛིན་ཁྲོམ་གྱིས་བཤད་ཚུལ་དེར་ངོས་ལེན་མ་བྱས་པར། ཐེངས་འདིའི་འོས་བསྡུ་ལ་རྫུན་བཟོ་བྱས་ཡོད་ལུགས་བཤད་ནས་ཁྲིམས་གཏུག་བྱེད་བཞིན་ཡོད། གནས་སྟངས་འདི་བདུན་ཕྲག་སྔོན་མའི་ནང་འོས་ཤོག་བླུགས་པ་ནས་ད་དུང་ཐག་མ་ཆོད་པར་བསྡད་ཡོད།

ཨ་མེ་རི་ཀའི་འོས་ཤོག་གི་མཐའ་མའི་རྒྱལ་ཕམ་གྱི་དབྱེ་བ་དེ་ལོ་གཞུག་མའི་སྤྱི་ཟླ་དང་པོའི་ནང་དུ་མ་གཏོགས་ཐག་གཅོད་བྱེད་སྲོལ་མེད་པས། ཐེངས་འདིའི་འོས་བསྡུའི་རྩོད་གླེང་འདི་ད་དུང་ལམ་སེང་ཡལ་འགྲོ་བ་ཞིག་མ་རེད།

སྤྱི་ཟླ་བཅུ་གཅིག་པའི་ཚེས ༣ ཉིན་ཨ་མེ་རི་ཀའི་མི་དམངས་ཀྱིས་ནམ་རྒྱུན་ལྟར་སྲིད་འཛིན་གྱི་འོས་ཤོག་ལྡུག་བཞིན་ཡོད། ཁོང་ཚོའི་འོས་ཤོག་དེ་དངོས་གནས་བཤད་ན་ཇོ་དཔལ་ལྡན་དང་། ལས་ཐོག་སྲིད་འཛིན་ཁྲོམ་ཕུ་ལ་ཐད་ཀར་ལྡུག་བཞིན་ཡོད་པ་ཞིག་མ་ཡིན་པར། རྩ་ཁྲིམས་ཐོག་གཏན་འཁེལ་ཟིན་པའི་མངའ་སྡེའི་འོས་བསྡུ་ལྷན་ཁང་དུ་ཡོད་པའི་འོས་ཤོག་གི་གྲངས་འབོར་དེར་འོས་ཤོག་ལྡུག་བཞིན་ཡོད་པ་ཞིག་ཡིན། དེ་ཡང་གསལ་བོར་བཤད་ན། ཨ་མེ་རི་ཀའི་མངའ་སྡེ་༥༠ ལ་བསྡོམས་པའི་འོས་བསྡུ་ལྷན་ཁང་གི་འོས་ཤོག་གྲངས་འབོར་༥༣༨ཡོད་པ་དང་། བསྡོམས་འབོར་འོས་གྲངས་དེ་ལས་ཉུང་མཐར་འོས་ ༢༧༠ཐོབ་མཁན་སུ་ཡིན་པ་དེ་ལ་སྲིད་འཛིན་གྱི་འོས་གྲངས་ལོན་པ་ཡིན།

འོས་ཤོག་གྲངས་འབོར༥༣༨དེ་ནི་དངོས་གནས་བཤད་ན། ཨ་རིའི་གྲོས་ཚོགས་གོང་འོག་གི་གྲངས་འབོར་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་མངའ་སྡེ་རེ་རེར་གྲོས་ཚོགས་གོང་མའི་ཚོགས་མི་༢རེ་ཡོད་པས་ཁྱོན་བསྡོམས་གྲོས་ཚོགས་གོང་མའི་འཐུས་མི༡༠༠དང་།  མངའ་སྡེ་རེ་རེའི་མི་འབོར་ལ་གཞིགས་པའི་གྲོས་ཚོགས་འོག་མའི་འཐུས་མི་༤༣༨བཅས་བསྡོམས་གྲོས་ཚོགས་འཐུས་མི་ ༥༣༨ ཡོད་པ་དེ་ཡིན།

འོས་ལྡུག་མཁན་གྱི་མི་དམངས་ཀྱིས། མངའ་སྡེ་རེ་རེར་གཏན་འཁེལ་དུ་ཡོད་པའི་འོས་བསྡུ་ལྷན་ཁང་གི་འོས་ཤོག་གི་གྲངས་འབོར་ལ་མང་མོས་རྒྱལ་ཁ་ཐོབ་ན། འོས་གྲངས་དེ་ཡོངས་རྫོགས་ཚུར་ཐོབ་བཞིན་ཡོད་པ་དང་། མངའ་སྡེའི་ནང་ཐོབ་ཟིན་པའི་འོས་ཤོག་གི་མཇུག་འབྲས་དེ་མངའ་སྡེ་བློན་ཆེན་དང་། ཡང་ན་དྲུང་ཡིག་ཆེན་མོར་ཕུལ་ཏེ། འོས་ཤོག་འཁྲུལ་བྲལ་གསལ་འདོན་གནང་རྗེས་ཨ་རིའི་གྲོས་ཚོགས་ལ་འབུལ་དགོས་པ་དང་། གྲོས་ཚོགས་ཀྱིས་ཡང་བསྐྱར་འོས་ཤོག་གི་གྲངས་འབོར་རྩིས་ལེན་བྱས་རྗེས་མཐའ་མའི་ཐག་གཅོད་ཁྱབ་བསྒྲགས་བྱེད་པ་ཞིག་ཡིན།

འོས་བསྡུ་ལྷན་ཁང་གི་འོས་ཤོག་གི་གྲངས་འབོར་དེ་མངའ་སྡེ་སོ་སོར་ཆེས་ཉུང་ན་འོས་ཤོག ༣ དང་ཆེས་མང་ན་འོས་ཤོག་ ༥༥ ཡོད། དཔེར་ན། མངའ་སྡེ་ཝུར་མོང་ལ་འོས་ཤོག ༣ ལས་མེད་པ་དང་། མངའ་སྡེ་ཁཱ་ལེ་ཧྥོ་ཉིས་ཡཱ་ལ་འོས་ཤོག ༥༥ ཡོད། དེ་བཞིན་ཏུ་ནེའུ་ཡོཀ་ལ་འོས་ཤོག ༢༩ དང་། མངའ་སྡེ་ཕཱན་སུ་ཝེ་ནེ་ཡཱ་ལ་འོས་ཤོག ༢༩ ཡོད། འོས་ཤོག་གི་གྲངས་འབོར་འདི་དག་ཚང་མ་མངའ་སྡེ་སོ་སོའི་མི་གྲངས་ལ་གཞིགས་ནས་གཏན་འཁེལ་བྱས་པ་ཞིག་ཡིན།

ཐེངས་འདིའི་རྩོད་གླེང་གི་གཞི་མ་ནི། སྲིད་འཛིན་ཁྲོམ་གྱིས་རང་གི་ཕམ་ཉེས་ལ་ངོས་ལེན་མི་བྱེད་པར། མངའ་སྡེ་ཁ་ཤས་ཀྱི་ནང་འོས་བསྡུའི་གྲངས་འབོར་ལ་རྫུན་བཟོ་བྱས་ཡོད་ལུགས་བཤད་ནས། མུ་མཐུད་རྩོད་གླེང་བྱེད་བཞིན་ཡོད་མོད། སྤྱི་ཟླ་དང་པོའི་ནང་རྩོད་གླེང་འདི་ངེས་པར་དུ་མཇུག་སྒྲིལ་ཏེ་འོས་ཤོག་གི་མཇུག་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན་པ་དང་སྦྲགས། སྲིད་འཛིན་གསར་པའི་ལས་གཞི་འགོ་འཛུགས་དགོས་པ་ཡིན།

ཁ་སང་དེ་རིང་གི་གནས་སྟངས་ལ་བལྟས་ན། འོས་བསྡུའི་རྩོད་གླེང་འདི་ཟླ་གཞུག་མའི་ཚེས་ ༨ བར་དུ་མུ་མཐུད་གནས་རྒྱུ་ཡིན་པ་གསལ་པོ་རེད། སྲིད་འཛིན་ཁྲོམ་ཕུ་ཡི་ཁྲིམས་རྩོད་དཔུང་ཁག་གིས་ཐེངས་འདིའི་འོས་བསྡུ་ལ་མགོ་སྐོར་གཡོ་འཕྲུལ་ཡོད་ལུགས་བཤད་དེ་ཁྲིམས་གཏུག་བྱས་མོད། ད་ལྟའི་བར་ཁྲིམས་ཁང་གཅིག་གིས་ཀྱང་ཁྲིམས་གཏུག་དེར་ངོས་ལེན་བྱས་མེད། རྒྱུ་མཚན་ནི་འོས་བསྡུ་མགོ་སྐོར་གཡོ་འཕྲུལ་གྱི་བདེན་དཔང་ར་སྤྲོད་གཅིག་ཀྱང་སྟོན་རྒྱུ་མེད་པས་རེད།

མངའ་སྡེ་སོ་སོ་ནས་འོས་བསྡུ་མཇུག་འབྲས་འཁྲུལ་བྲལ་གསལ་འདོན།
མངའ་སྡེ་རེ་རེའི་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་འོས་ཤོག་བླུག་པའི་རྗེས། སྐབས་ཐོག་དེར་ཡོད་འོས་ཤོག་དང་། ཡིག་ཐོག་ནས་འབྱོར་བའི་འོས་ཤོག་གི་གྲངས་འབོར་རྩིས་ལེན་གྲུབ་རྗེས། འོས་བསྡུའི་མཇུག་འབྲས་ལ་ཁུངས་སྐྱེལ་བྱེད་ཅིང་། དེ་ནས་མངའ་སྡེའི་བློན་ཆེན་དང་། ཡང་ན་མངའ་སྡེའི་དྲུང་ཡིག་ཆེན་མོར་ཕུལ་ཏེ། མངའ་སྡེ་གཞུང་གི་འོས་ཤོག་གི་མཇུག་འབྲས་བསྡོམས་འབོར་འཁྲུལ་བྲལ་གསལ་འདོན་བྱེད་པ་དང་མཉམ་དུ། གཞུང་འབྲེལ་ཐོག་འོས་མི་སུ་ཞིག་འདེམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱེད་པ་ཡིན།

མངའ་སྡེ་སོ་སོ་ལ་རང་རང་གི་འོས་བསྡུའི་མཇུག་འབྲས་འཁྲུལ་བྲལ་གསལ་འདོན་བྱེད་པའི་དུས་བཀག་མ་འདྲ་བ་ཡོད་པ་ཡིན། འདིར་མངའ་སྡེ་ཁ་ཤས་ཀྱི་འོས་བསྡུའི་དུས་བཀག་རོབ་ཙམ་ཞུ་ན།

ཨ་རིའི་མཛོ་རྣ་མངའ་སྡེ།
གཞུང་འབྲེལ་ཐོག་གི་འོས་བསྡུའི་མཇུག་འབྲས་ཐག་གཅོད་དེ་སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༣ བར་བྱེད་སྲོལ་ཡོད་པ་དང་། དེ་ནས་མངའ་སྡེའི་དྲུང་ཡིག་ཆེན་མོས་མངའ་སྡེ་ཡོངས་ཀྱི་འོས་བསྡུའི་མཇུག་འབྲས་དེ་སྤྱི་ཟླ་བཅུ་གཅིག་པའི་ཚེས་༣༠ ཉིན་འཁྲུལ་བྲལ་གསལ་འདོན་བྱེད་སྲོལ་ཡོད་པ་རེད།

ཕན་སུ་ཝེ་ནི་ཡཱ་མངའ་སྡེ།
གཞུང་འབྲེལ་མིན་པའི་འོས་ཤོག་གི་གྲངས་འབོར་དེ་སྤྱི་ཟླ་བཅུ་པའི་ཚེས་ ༡༠ ཉིན། ངེས་པར་དུ་མངའ་སྡེའི་དྲུང་ཡིག་ཆེན་མོར་འབུལ་དགོས་པ་དང་། སྤྱི་ཟླ་བཅུ་པའི་ཚེས ༢༣ ཉིན་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་མཇུག་འབྲས་འཁྲུལ་བྲལ་གསལ་འདོན་བྱེད་དགོས།

གལ་སྲིད་འོས་ཤོག་གི་གྲངས་འབོར་ལ་བརྒྱ་ཆའི ༠་༥ ཡི་ཁྱད་པར་ཡོད་ཚེ། མངའ་སྡེའི་དྲུང་ཡིག་ཆེན་མོས་བཀའ་བརྒྱ་བཏང་སྟེ་འོས་ཤོག་ཡང་བསྐྱར་རྩིས་བཤེར་བྱེད་དགོས་པ་དང་། སྤྱི་ཟླ་བཅུ་པའི་ཚེས་༢༣ ཉིན་ནང་ཚུན་རྩིས་ལེན་གྲུབ་པ་དགོས། དེ་བཞིན་དུ་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་སྤྱི་ཟླ་བཅུ་གཅིག་གི་ཚེས ༢༥ ཉིན། འོས་ཤོག་གི་མཇུག་འབྲས་ལ་མཐའ་མའི་ཐག་གཅོད་གྲུབ་སྟེ་འཁྲུལ་བྲལ་གསལ་འདོན་བྱ་རྒྱུ་དང་སྦྲགས། མངའ་སྡེའི་དྲུང་ཡིག་ཆེན་མོའི་ལག་ཏུ་འབྱོར་ཐུབ་པ་བྱེད་དགོས།

འཇོར་རྒྱུ་ཡཱ་མངའ་སྡེ།
ས་གནས་ཀྱི་འོས་བསྡུ་ལས་ཁུངས་ཀྱིས་འོས་ཤོག་གྲངས་འབོར་རྩིས་ལེན་གྲུབ་རྗེས། མཇུག་འབྲས་ཇི་བྱུང་ལ་འཁྲུལ་བྲལ་གསལ་འདོན་ཟིན་པའི་ཐོག སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༣ ཉིན་ངེས་པར་དུ་མངའ་སྡེའི་དྲུང་ཡིག་ཆེན་མོའི་ལས་ཁུངས་སུ་འབུལ་དགོས་པ་དང་། མངའ་སྡེའི་དྲུང་ཡིག་ཆེན་མོས་སྤྱི་ཟླ་བཅུ་གཅིག་པའི་ཚེས་ ༢༠ སྔོན་ལ་མཐའ་མའི་འོས་ཤོག་གི་གྲངས་འབོར་ལ་འཁྲུལ་བྲལ་གསལ་འདོན་བྱེད་དགོས། འོས་མི་སུ་ཞིག་འོས་གྲངས་ཀྱི་བརྒྱ་ཆ ༠་༥ ཡི་ཉུང་བ་ཡོད་ན། མངའ་སྡེ་གཞུང་ལ་འོས་ཤོག་ཡང་བསྐྱར་བརྩི་དགོས་པའི་འབོད་སྐུལ་ཞུས་ཆོག་པ་ཡིན། འབོད་སྐུལ་དེ་ནི་མངའ་སྡེའི་བློན་ཆེན་གྱིས་འོས་ཤོག་འཁྲུལ་བྲལ་གསལ་འདོན་བྱེད་པའི་ཉིན་གཉིས་པ་དེ་ནས་འགོ་འཛུགས་དགོས། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བྱུང་བའི་གནས་ཚུལ་ལ་ཇོ་དཔལ་ལྡན་ལགས་སུ་འཇོར་རྒྱུ་ཡ་མངའ་སྡེ་ནས་འོས་ཤོག་གྲངས་འབོར་མང་ཤོས་ཐོབ་ཡོད་པ་གསལ་བསྒྲགས་བྱས་སོང་། ཡིན་ནའང་མཐའ་མའི་མཇུག་འབྲས་དེ་མངའ་སྡེ་དྲུང་ཡིག་ཆེན་མོས་ཚེས ༢༠ ཉིན་གཞི་ནས་འཁྲུལ་བྲལ་གསལ་འདོན་དང་ཁྱབ་བསྒྲགས་བྱེད་བཞིན་ཡོད།

བྱང་ཁ་རཱོ་ལ་ན་མངའ་སྡེ།
བྱང་ཁ་རཱོ་ལ་ན་མངའ་སྡེ་ལ་མཚོན་ན། ས་གནས་འོས་བསྡུ་ལས་ཁུངས་ནས་སྤྱི་ཟླ་བཅུ་གཅིག་པའི་ཚེས་ ༡༣ ཉིན་འོས་བསྡུའི་མཐའ་མའི་ཐག་གཅོད་ལ་འཁྲུལ་བྲལ་གསལ་འདོན་བྱེད་ལུགས་ཡོད་པ་དང་། སྲིད་འཛིན་ཁྲོམ་ཕུ་ལ་མངའ་སྡེ་འདི་ནས་འོས་ཤོག་མང་ཤོས་ཀྱི་རྒྱལ་ཁ་ཐོབ་ཡོད། རེད་དེ་འོས་ཤོག་གི་མཐའ་མའི་གསལ་བསྒྲགས་དེ་མངའ་སྡེའི་འོས་བསྡུ་རྒྱུན་ལས་ལྷན་ཁང་ནས་སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༤ ཉིན་འཁྲུལ་བྲལ་གསལ་འདོན་དང་ཁྱབ་བསྒྲགས་བྱེད་སྲོལ་ཡོད་པ་རེད།

སྤྱི་ཟླ་བཅུ་གཉིས་པའི་ཚེ ༨ ཉིན། མངའ་སྡེ་ཡོངས་ནས་འོས་ཤོག་གི་རྩོད་གླེང་མཇུག་སྒྲིལ་དགོས།
མངའ་སྡེ་དྲུང་ཡིག་ཆེན་མོས་འོས་ཤོག་གི་མཇུག་འབྲས་དེ། སྤྱི་ཟླ་བཅུ་གཉིས་པའི་ཚེ ༨ ཉིན་གྱི་ཉིན་ ༦ གི་སྔུན་ལ་འཁྲུལ་བྲལ་གསལ་འདོན་བྱེད་དགོས་ཤིང་། དེ་ནས་འཁྲུལ་བྲལ་གསལ་འདོན་བྱས་པའི་འོས་ཤོག་དེ། འོས་བསྡུ་ལྷན་ཁང་གི་ལག་ཏུ་འབྱོར་ཐུབ་པ་བྱེད་དགོས། དུས་ཡུན་འདི་ལ་མཐའ་མཇུག་གི་འོས་ཤོག་གྲངས་འབོར་རྩིས་ལེན་བྱེད་པའི་དུས་ཚོད་ཀྱང་ཟེར། གལ་སྲིད་མངའ་སྡེ་དྲུང་ཡིག་ཆེན་མོས་གོ་རིམ་འདི་ནས་ཕྱིར་འཐེན་བྱས་ཚེ། ཨ་རིའི་གྲོས་ཚོགས་རྩོད་གླེང་འདིའི་ཐོག་མཉམ་ཞུགས་བྱས་ཏེ་མཐའ་མའི་ཐག་གཅོད་བྱེད་པ་ཡིན། གང་ལྟར་ཡང་། མངའ་སྡེ་སོ་སོ་ནས་བྱུང་བའི་རྩོད་གླེང་གང་ཞིག་ཡིན་ཀྱང་སྤྱི་ཟླ་བཅུ་གཉིས་པའི་ཚེས་ ༨ ཉིན་ངེས་པར་དུ་ཐག་གཅོད་བྱེད་དགོས་པ་དང་། དེ་བཞིན་དུ་མངའ་སྡེ་གཞུང་ནས་དུས་བཀག་ལྟར་འོས་ཤོག་གི་མཇུག་འབྲས་འཁྲུལ་བྲལ་གསལ་འདོན་དང། གྲོས་ཚོགས་ཀྱིས་མངའ་སྡེ་གཞུང་གི་འོས་ཤོག་གི་མཇུག་འབྲས་ལ་ངེས་པར་དུ་ངོས་ལེན་དང་ཁྲིམས་མཐུན་ཅན་གྱི་ངོ་བོར་བསྒྱུར་དགོས།

སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༤ ནི་འོས་བསྡུ་ལྷན་ཁང་གི་མཐའ་མའི་འོས་བསྡུ་ཡིན། ཉིན་འདིར་འོས་བསྡུ་ལྷན་ཁང་གིས་མངའ་སྡེ་ཡོངས་ཀྱི་འོས་ཤོག་གི་མཇུག་འབྲས་ཡོངས་རྫོགས་རྩིས་ལེན་གྲུབ་རྗེས། འོས་བསྡུའི་མཇུག་འབྲས་སྲིད་འཛིན་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ལ་འབུལ་དགོས་པ་དང་། ཐོབ་མཁན་ལ་ཚང་མ་ཐོབ་ཟེར་བ་ལྟར། འོས་མི་སུ་ཞིག་ལ་མངའ་སྡེའི་སྲིད་འཛིན་གྱི་འོས་ཐོབ་པ་ཡིན་ན། ཐོབ་མཁན་དེ་ལ་མངའ་སྡེའི་འོས་བསྡུ་ལྷན་ཁང་གི་འོས་གྲངས་ཆ་ཚང་ཐོབ་འགྲོ་པ་ཡིན།

དེ་ནས་མངའ་སྡེའི་འོས་བསྡུ་ལྷན་ཁང་གིས་འོས་ཤོག་གི་མཇུག་འབྲས་ལ་འཁྲུལ་བྲལ་གསལ་འདོན་གནང་རྗེས་ལས་ཐོག་སྲིད་འཛིན་ཁྲོམ་ཕུ་དང་། སྲིད་འཛིན་གཞོན་པ་ཕཱན་སུ། གྲོས་ཚོགས་གོང་འོག་གཉིས་བཅས་ལ་འབུལ་བ་ཡིན།

སྤྱི་ཟླ་བཅུ་གཉིས་པའི་ཚེས ༢༣ ཉིན། སྲིད་འཛིན་དང་གྲོས་ཚོགས་རྣམ་གཉིས་ནས་འོས་བསྡུ་ལྷན་ཁང་ནས་ཕུལ་འབྱོར་ཟིན་པའི་འོས་བསྡུའི་མཇུག་འབྲས་ཁུངས་སྐྱེལ་མཚན་རྟགས་རྒྱག་དགོས། ཉིན་འདིར་སྲིད་འཛིན་གཞོན་པ་ཕཱན་སུ་ལ་འོས་བསྡུ་ལྷན་ཁང་གིས་འཁྲུལ་བྲལ་གསལ་འདོན་བྱས་པའི་འོས་ཤོག་གི་གྲངས་འབོར་འབུལ་དགོས།

སྤྱི་ཟླ་དང་པོའི་ཚེས ༦ ཉིན། གྲོས་ཚོགས་ཀྱིས་འོས་བསྡུ་ལྷན་ཁང་ནས་ཕུལ་བའི་འོས་ཤོག་གི་གྲངས་འབོར་རྩིས་དགོས། སྤྱི་ཟླ་དང་པོའི་ཚེས ༦ ཉིན། སྲིད་འཛིན་གཞོན་པ་ཕཱན་སུ་ཡིས་གཙོ་སྐྱོང་འོག གྲོས་ཚོགས་གོང་འོག་གཉིས་མཉམ་རུབ་ཐོག འོས་བསྡུ་ལྷན་ཁང་ནས་ཕུལ་འབྱོར་ཟིན་པའི་འོས་ཤོག་རྩིས་ཤིང་།མཇུག་འབྲས་ཡོངས་ཁྱབ་གསལ་བསྒྲགས་བྱེད་པ་ཡིན། སྐབས་དེར་སྲིད་འཛིན་འོས་མི་སུ་ཞིག་ལ་འོས་བསྡུ་ལྷན་ཁང་གི་འོས་གྲངས་རྩ་འབོར ༥༣༨ ཡོད་པ་ལས། ཉུར་མཐར་ཡང་འོས་གྲངས་༢༧༠ ཐོབ་པ་ཡིན་ན་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་རེད།

སྤྱི་ཟླ་དང་པོའི་ཚེས ༢༠ ཉིན་ཁྲི་འདོན་མངའ་གསོལ་ལ། ཉིན་འདིར་འདེམས་ཐོན་བྱུང་བའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ནས། མནའ་སྐྱེལ་དམ་འབུལ་གྲུབ་རྗེས་གཞི་ནས་གཞུང་འབྲེལ་ཐོག་ཨ་མེ་རི་ཀའི་སྲིད་འཛིན་དང་སྲིད་འཛིན་གཞོན་པར་ཆགས་འགྲོ་བ་ཡིན།

བསྐྱར་བཅོས།: ༢༠༢༠/༡༡/༡༦

Leave a Reply

One thought on “ད་ལོའི་ཨ་མེ་རི་ཀའི་སྲིད་འཛིན་གྱི་མཐའ་མའི་ཐག་གཅོད་དེ་འདི་ལྟར་བྱེད་བཞིན་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    བཀྲིན་ཆེ་ཐུགས་རྗེ་ཆེ་། ད་གསལ་པོ་ཆགས་སོང་།
    ལུང་པ་རེ་ལ་ཁྲིམས་ལུགས་རེ་། བླ་མ་རེ་ལ་ཆོས་ལུགས་རེ་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།