བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བར་ཧུར་ཐག་རྒྱུན་འཁྱོངས་དགོས་པའི་སྐུལ་མ་བཏང་།

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཟེར་བ་བསྡུས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ་དགོས་སྐོར་བསྒྲགས།རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཟེར་བ་གཉིས་ཀྱིས་ཐུན་མོང་ཐོག བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཟེར་བ་ཞིག་བསྡུས་པའི་ཐོག  རྒྱ་ནག་གཞུང་གིས་༧པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཟེར་བའི་ཚོགས་གཙོར་བསྐོས་ཡོད་པའི་རྒྱལ་མཚན་ནོར་བུ་ལགས་ཀྱིས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་འཕེལ་རྒྱས་དང་མཉམ་འདྲེས་ཧུར་ཐག་བྱེད་དགོས་སྐོར་བརྗོད་འདུག

ཚོགས་ཐོག་ཏུ་རྒྱལ་མཚན་ནོར་བུ་ལགས་ཀྱིས། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཤེས་པའི་ཐོག དེར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་དུས་རབས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་དྲིན་ལན་འཇལ་བའི་བསམ་བློ་རྟག་ཏུ་འཆང་བ་དང་། དུས་རབས་ཁྲོད་ཀྱི་གནས་བབ་གནད་ལ་འཁེལ་བའི་ཐོག་ནས་ཁོང་དུ་ཆུད་པ་བྱས་ནས།   སྤྱི་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་སྐོར་དང་། དེ་མིན་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཤེས་ཡོན་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་ཀུན་གྱི་ཁས་ལེན་ཐོབ་པ། འགག་རྩའི་སྐབས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་ལྟར་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་དགོས་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་འཕེལ་རྒྱས་དང་མཉམ་འདྲེས་ཧུར་ཐག་བྱེད་དགོས། ཞེས་གཏམ་བཤད་བྱས་ཡོད་འདུག

དེ་བཞིན་ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་ཟེར་བའི་ཚོགས་གཞོན་སྲི་ཐར་གྱིས། བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དེ་ངེས་པར་དུ་དུས་རབས་ཀྱི་བླང་བྱ་དང་འཚམ་ཞིང་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དེར་དོན་དངོས་དང་མཐུན་པའི་ལན་རྒྱག་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ཡག་པོ་བྱས་ནས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་སྐོར་དང་། ཚོགས་འདུ་ཐེངས་བདུན་པའི་ཐོག་གི་ཞི་ཅིན་ཕིན་གྱི་སྐད་ཆར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ་བཅས་བྱས་ཏེ། འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་འཕེལ་རྒྱས་ཡར་ཐོན་དང་མཐུན་པའི་དགོངས་འགྲེལ་བྱེད་དགོས་ཚུལ་བཤད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུ་ཟེར་བའི་ཐོག རྒྱ་ནག་གི་མངའ་སྡེ་ཡོངས་ཀྱི་འབྲེལ་ཡོད་འཐབ་ཕྱོགས་གཅིག་གྱུར་གྱི་མགོ་ཁྲིད་རྣམས་འཛོམས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐེངས་དང་པོར་གཏམ་བཤད་ནང་བོད་རྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་བའི་ཡིག་འབྲི་དེ་བེད་སྤྱོད་བྱས་ཡོད་པ་དང་། རྒྱ་ནག་གི་ཞིང་ཆེན་ཁག་གི་ནང་བོད་བརྒྱུད་ནང་བསྟན་ཙམ་མིན་པར་ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་བར་སློབ་སྦྱོང་བྱས་ཏེ་ལག་ལེན་བསྟར་དགོས་པའི་གཏམ་བཤད་བྱས་ཡོད་འདུག་ལ། དེ་བཞིན་ཉེ་ལམ་ཕྱི་ཟླ་ ༨ ནང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ཆེན་ཐེངས་བདུན་པ་ཟེར་བའི་ཐོག་ཏུའང་ཞི་ཅིན་ཕིན་གྱིས་བོད་བརྒྱུད་ནང་བསྟན་ད་དུང་རྒྱ་ནག་ཅན་དུ་འགྱུར་མེད་པ་དང་། དེར་ཤུགས་སྣོན་རྒྱག་དགོས་སྐོར་གྱི་གཏམ་བཤད་སྤེལ་ཡོད་པ་རེད་ལ། སྐབས་དེའི་བོད་ཁུལ་དུ་ངེས་པར་དུ་བྱེད་དགོས་པ་བཅུ་ཟེར་བའི་ནང་གི་དོན་ཚན་གཅིག་ནི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཞེས་པ་དེ་གཙོར་འདོན་བྱས་ཡོད་པ་རེད།དེ་རིང་འདི་གའི་གསར་འགོད་པས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ལ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་ན་ཅི་ཞིག་ལ་གོ་ཡི་ཡོད་མེད་དྲིས་པར་ཁོང་གིས། མདོ་དོན་སྙིང་པོར། ཆོས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ང་ཚོ་བོད་ལ་མཚོན་ན་མི་འབོར་གྱི་བརྒྱ་ཆའི་ ༩༠ ཡན་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཡིན་པ་དང་། དེའང་ཆུང་དུས་ནས་གོམས་གཤིས་ལ་རང་ཉིད་ནང་པ་ཡིན་བསམ་པ་དེ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་གི་གཙོ་བོ་དང་ནིང་བཅུད་དེ་ནང་བསྟན་ཡིན་པས། བོད་ཁུལ་ཡོངས་སུ་ཆེ་ཆུང་ལ་མ་ལྟོས་པར་ཆོས་བརྒྱུད་ཁག་གི་དགོན་སྡེ་གྲྭ་ཚང་ཡོད་པ་དང་། ས་ཁུལ་མང་པོ་ཞིག་ཏུ་རྒྱ་ནག་གཞུང་གིས་བཀའ་གཏོང་བ་ལས་དགོན་པའི་མཁན་པོས་བཀའ་བཏང་ཚེ་ཤུགས་རྐྱེན་ཆེ་བ་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་དུ་ནང་ཆོས་ཧ་ཅང་ཤུགས་ཆེན་པོ་ཡིན་པ་དང་། ཤུགས་རྐྱེན་དེ་སྲིད་གཞུང་གིས་ཀྱང་མེད་པར་བཟོ་ཁག་པོ་ཡིན་པ་རྟོགས་ཡོད་སྟབས། བསམ་བློའི་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་སྐད་ཆ་དེ་བྱུང་བ་རེད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་དགོས་པ་ཟེར་དེའི་ནང་དོན་ནི། ནང་བསྟན་དེ་མིའི་ནང་སེམས་བཟོ་བཅོས་བྱེད་པའི་ཡོ་བྱེད་ལྟ་བུ་ཞིག་ཆགས་ཡོད་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་དེ་ལ་དད་པ་བྱེད་མཁན་དང་དེ་ལ་འབྲེལ་བ་ཡོད་པའི་མི་དེ་དག་གི་བསམ་བློ་གཏོང་སྟངས་གུང་ཁྲན་ཏང་དང་གཅིག་པ་བཟོ་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་ཡིད་ཆེས་བྱེད་པ། དེ་བཞིན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་མཁན་ཞིག་ཏུ་བཟོ་པ་དང་། བོད་ནང་གི་མི་མང་ཚོ་གུང་ཁྲན་ཏང་དང་དེའི་མགོ་ཁྲིད་ལ་ཡིད་ཆེས་དང་ཤུགས་སྣོན་བྱེད་མཁན་ཞིག་ཏུ་བཟོ་ཐུབ་ཐབས་སུ་ནང་བསྟན་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་དང་མཐུན་པོ་ཞིག་བཟོ་དགོས་པ་ཟེར་གྱི་ཡོད་རེད། དེ་ལ་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་པ་ཟེར་བ་དེ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ཆེན་ཐེངས་བདུན་པ་ཟེར་བའི་གནས་ཚུལ་དེ་དག་འབྲེལ་ནས་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དེ་ནམ་ཡང་ལམ་ལྷོངས་ཡོང་གི་མ་རེད། དེ་ནི་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ས་ཡོངས་རྫོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་ལས་ར་འཕྲོད་བྱེད་ཐུབ། ཅེས་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱིས་བོད་མིའི་ཆོས་དད་རང་དབང་དང་བླ་སྤྲུལ་ངོས་འཛིན་ལམ་ལུགས་ཐོག་དམ་དྲག་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་མི་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དད་རང་དབང་ལོངས་སུ་སྤྱོད་འཇུག་དགོས། ཞེས་དགོས་འདུན་བཏོན་ཡོད་པ་རེད།

བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཟེར་བ་དེ་ནི་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་འགྲེལ་བརྗོད་སྣ་ཚོགས་བྱས་ཏེ་ཆབ་སྲིད་ཀྱི་ལག་ཆར་བཀོལ་ཐབས་ཀྱི་ལས་འགུལ་ཞིག་ཆགས་ཡོད་པ་དང་། ལས་འགུལ་དེ་ཕྱི་ལོ་ ༢༠༡༡  ནས་བཟུང་ཐེངས་ ༡༠ འཚོགས་ཡོད་འདུག་པ་དང་།  ཐེངས་འདིའི་བརྗོད་གཞི་ནི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་དང་མི་རྣམས་ལ་ཕན་བདེ་བསྐྲུན་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༦

Leave a Reply