སྦེལ་ཀོབ་གཞིས་ཆགས་སུ་ས་གནས་འཐུས་ཚོགས་དགོས་པའི་ཞུ་འབོད།

དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལགས་ནས་ས་གནས་འཐུས་ཚོགས་འཛུགས་རྒྱུའི་འགན་དབང་དེ་སྤྱི་འཐུས་ལྷན་ཚོགས་ལ་ཡོད་སྐོར་གསུངས་བྱུང་ལ་སྤྱི་འཐུས་ལྷན་ཚོགས་ནས་སྦེལ་ཀོབ་ས་གནས་འཐུས་ཚོགས་འཛུགས་ཐབས་རིམ་པར་གནང་ཡོད་ཀྱང་ས་གནས་མི་མང་ནས་མོས་མཐུན་བྱས་མེད་སྐོར་གསུངས་བྱུང་།

ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་སྤྱི་ཚོགས་ལས་འགུལ་ཚོགས་པ་ཞེས་པ་ཞིག་གིས་ཡིག་ཐོག་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་གྲས་སྦེལ་ཀོབ་ཏུ་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་ས་གནས་འཐུས་ཚོགས་བཙུགས་ཐུབ་མེད་པ་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་གྱིས། དབུས་འོས་བསྡུ་ལས་ཁང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་གསར་རྙིང་སོ་སོར་ས་གནས་འཐུས་ཚོགས་རེ་འཛུགས་གནང་ཡོང་བའི་རེ་སྐུལ་ཞུས་འདུག

སྤྱི་ཚོགས་ལས་འགུལ་ཚོགས་པའི་ཡིག་ཐོག་གསར་འགོད་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༧༨ ནང་། བོད་མིའི་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་དགོས་སྐོར་འཁོད་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱི་དོན་ཚན་དེ་ཉིད་ལག་བསྟར་ཡོང་རྒྱུར་འཛིན་སྐྱོང་ལ་སྐུལ་འདེད་བྱས་ཐུབ་མེད་པ་དང་། དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་ལ་ས་གནས་འཐུས་ཚོགས་ཀྱི་འོས་འདེམས་བྱ་རྒྱུའི་བཀོད་ཁྱབ་བཏང་ཐུབ་མེད་པ། དེ་བཞིན་ས་གནས་མི་མང་གིས་རེ་སྐུལ་ཐེངས་འགར་ཞུས་མིན་ལ་མ་ལྟོས་པར། འཛིན་སྐྱོང་བཀའ་ཤག་ནས་གནད་དོན་དེར་ཐུགས་འཁུར་གནང་མེད་པ་བཅས། མདོར་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གནད་དོན་འདིའི་ཐོག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་ཚགས་ཚུད་གནང་མེད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ། སྤྱི་ལྷན་ནས་སྦེལ་ཀོབ་གཞིས་ཆགས་ཀྱི་ས་འཐུས་འཛུགས་ཐབས་གནང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ཐོག་མར་ཕྱི་ལོ་ ༡༩༩༡ ལོ་ལ་བཅའ་ཁྲིམས་གཏན་འབེབ་བྱེད་པའི་སྐབས་ལ། བཅའ་ཁྲིམས་དོན་ཚན་ ༧༨ པའི་ནང་ལ་ནང་གསེས་དོན་གཉིས་ཡོད་རེད། དོན་ཚན་དང་པོ་དེའི་ནང་། བོད་མི་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་དགོས་ཀྱི་རེད་ཟེར་ཡོད་པ་རེད། དགོས་ཀྱི་ཡོད་པ་དེར་གདམ་ག་གང་ཡང་ཡོད་པ་མ་རེད། དགོས་ཀྱི་ཡོད་པ་རེད། ནང་གསེས་གཉིས་པར་ཀ་པ་དང་ཁ་པ་གཉིས་ཡོད་རེད། ཀ་པ་དེ་གང་རེད་ཟེར་ན། འཐུས་མིའི་ཡོང་ཁུངས་ནི། ས་གནས་རང་ཁོངས་སེར་སྐྱ་ཕོ་མོ་ཚང་མ་བཅའ་ཁྲིམས་དོན་ཚན་ ༡༡ པ་དང་ ༣༨ པ་ནང་གསལ་ལྟར་འོས་བསྡུ་དང་འོས་གཞིར་གཞུག་པའི་ཐོབ་ཐང་ཡོད། ཅེས་པ་དེ་ཐད་ཀར་མི་མང་གིས་འོས་བསྡུ་བྱས་ཏེ་ས་གནས་འཐུས་མིའི་ཚོགས་འདུ་ཚུགས་རྒྱུ་དེ་རེད། དེའི་སྒང་ལ་བགྲོ་གླེང་ག་རེ་བྱུང་བ་རེད་ཞུས་ན། གལ་སྲིད་ས་གནས་དེ་འདྲའི་ནང་ལ་དེ་ནང་བཞིན་ཞིག་བཙུགས་མ་ཐུབ་པ་ཡིན་ན་ཞེས་པའི་སྐད་ཆ་ཞིག་སླེབས་པ་རེད། གལ་ཏེ་བཙུགས་མ་ཐུབ་པ་ཡིན་ན། ཁ་པ་དེའི་ནང་ལ་ས་གནས་མགོ་འཛིན་དང་མགོ་འཛིན་ལས་རོགས་ཕུད་པའི་མི་མང་གིས་འོས་འདེམས་བྱས་པའི་མཉམ་འབྲེལ་ལྟ་རྟོག་ཚོགས་མི་དང་། རང་བདེན་ཚོགས་མི། སྡོད་སྒར་ཁག་གི་སྤྱི་མི་དང་བརྒྱ་དཔོན། འོས་བསྡུ་བྱས་པའི་སྡེ་ཁག་གི་འཐུས་མི་བཅས་ལ་འགན་འཁུར་སྤྲད་པ་ཡིན་ནའང་འགྲིག་གི་རེད་ཅེས་བཀོད་ཡོད་པ་རེད། ཡིན་ནའང་བཅའ་ཁྲིམས་ཀྱི་གྲུབ་ཆ་ངོ་མ་དེ་ནང་གསེང་ ༢ པའི་ཀ་པ་དེ་རེད། དེར་བརྟེན་ས་འཐུས་འཛུགས་རྒྱུའི་ཆེད་དུ། རང་ཉིད་ལྟ་བུར་ཆ་མཚོན་ན། ཆེད་དུ་གཉེར་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཟབ་སྦྱོང་སྤྲད་དུ་ཕྱིན་མྱོང་། ཟབ་སྦྱོང་སྤྲད་པའི་སྐབས་ལ་ཁོང་རང་ཚོས་འཛུགས་ཀྱི་ཡིན་མདོག་མདོག་གནང་གི་འདུག་སྟེ། ཟླ་བ་གཅིག་ཙམ་ཕྱིན་པའི་རྗེས་ལ་ཡང་འཛུགས་ཀྱི་མེད་པའི་གནས་སྟངས་དེ་འདྲ་ཆགས་ཀྱི་འདུག ཅེས་གསུངས་བྱུང་།

ཡང་སྤྱི་ལྷན་ནས་ས་འཐུས་འཛུགས་ཐབས་ཀྱི་ཆེད་དུ་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ཡོད་སྐོར་ཁོང་གིས། སྤྱི་འཐུས་ལྷན་ཚོགས་ཀྱིས་སྦེལ་ཀོབ་དེ་གཞིས་ཆགས་ཆེན་པོ་ཞེ་དྲགས་རེད། དེ་ལ་ས་གནས་འཐུས་མིའི་ཚོགས་འདུ་བཙུགས་མ་ཐུབ་པ་དེ་ཏག་ཏག་ཅིག་བསྡད་ཀྱི་མེད་སྟབས། ང་ཚོས་ཕྱི་ལོ་ ༢༠༡༢ ལ་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་དེའི་ནང་དོན་ཚན་ཁ་པའི་མཉམ་འབྲེལ་ལྟ་རྟོག་སོགས་ཀྱི་ཚབ་ལ། གོང་གསལ་ ཀ པའི་དགོངས་དོན་ཕེབས་མ་ཐུབ་པའི་ས་ཁུལ་ཁག་ཏུ་གཞིས་གྲོང་དང་། ཁ་འཐོར། གྲྭ་ཚང་ཆེ་ཆུང་ལ་གཞིགས་པའི་ས་འཐུས་གྲངས་འབོར་ཇི་དགོས་ས་གནས་འོས་བསྡུ་འགན་འཛིན་གྱི་འགན་འཁུར་འོག་ས་གནས་རང་ནས་གྲངས་བཅད་ཀྱིས་ཁུངས་སོ་སོའི་མི་མང་ནས་འོས་འདེམས་བྱུང་ནའང་ཆོག ཅེས་ཆ་ཚང་ཞིག་འགྱུར་བ་བཏང་བ་རེད། ད་དུང་དེ་ལྟར་མ་བྱུང་ན། ཡང་དོན་ཚན་ག་པ་ཞིག་ཁ་སྣོན་བྱས་ནས། ཅི་སྟེ་མང་ཚོགས་ནང་གོང་གསལ་ ཀ པ་དང་ ཁ པ་གང་དུ་འགྲོ་དགོས་མིན་རྩོད་གླེང་བྱུང་ཚེ་ཁྱབ་ཁོངས་མི་མང་ནས་མང་མོས་འོས་བསྡུ་བྱས་ཏེ་ཐག་གཅོད་ཇི་བྱུང་ལྟར་རྩ་འཛིན་བྱ་དགོས། ཞེས་གང་ལྟར་ང་ཚོས་སྦེལ་ཀོབ་ནང་ས་གནས་འཐུས་མིའི་ཚོགས་འདུ་འཛུགས་ཐུབ་རྒྱུའི་ཆེད་དུ་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་པ་དེ་འདྲ་ཆགས་པ་རེད། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ངོས་ནས་འབད་བརྩོན་མ་བྱས་པ་རྩ་བ་ཉིན་ནས་ཡོད་པ་མ་རེད། ངས་ས་གནས་ལ་ཟབ་སྦྱོང་སྤྲོད་སྐབས། ཁོང་རང་ཚོས་ག་རེ་གསུང་གི་འདུག་ཞུས་ན། ད་ལྟ་སྦེལ་ཀོབ་དེ་ཞི་བདེ་ལྷིང་འཇགས་ཞེ་པོ་ཞིག་ཡོད། ས་གནས་འཐུས་མིའི་ཚོགས་འདུ་ལྟ་བུ་ཞིག་བཙུགས་པ་ཡིན་ན། མི་མང་ནང་ལ་ལབ་རྒྱུ་གླེང་རྒྱུ་དང་ཟིང་ཆ་མང་པོ་ཡོང་ས་རེད་ཅེས་ཟེར་གྱི་འདུག དེ་དུས་ངས་ག་རེ་ཞུས་པ་རེད་ཟེར་ན། བོད་མི་འདུ་གནས་ས་གནས་གཞན་དག་ནང་འཛུགས་ཀྱི་ཡོད་པ་དང་། དེ་འདྲའི་གནས་ཚུལ་གང་ཡང་ཡོང་གི་ཡོད་པ་མ་རེད། སྦེལ་ཀོབ་གཅིག་པུའི་ནང་ག་རེ་བྱས་ནས་ཡོང་གི་ཡོད་རེད་ལབ་དུས། ཁོང་ཚོས་ཡོང་སྲིད་པའི་དོགས་པ་ཡོད་ཅེས་ཟེར་བྱུང་། དེར་བརྟེན་སྐབས་དེར་ངས་ཆུ་ཕྱེད་ཀ་བརྒལ་ན། ཧ་ཕྱེད་ཀ་གོ་ཡོང་ཟེར་བ་ལྟར་དང་པོ་ཁྱེད་ཚོས་བཙུགས་དགོས་པ་དང་། གལ་ཏེ་གནས་ཚུལ་དེ་འདྲ་བྱུང་བ་ཡིན་ན་དེ་ལ་གཞིགས་པའི་གོམ་པ་བརྒྱབ་རྒྱུ་གཞན་དག་ཡོང་གི་རེད། རྩ་བ་ཉིད་ནས་མ་བཙུགས་པར་དེ་འདྲ་ཡོང་སྲིད་ཀྱི་ཟེར་ན་ཏག་ཏག་ཅིག་བསྡད་ཀྱི་མེད་པ་ལབ་རྒྱུ་བྱུང་། ཅེས་གསུངས་བྱུང་།

ཡང་ཁོང་ལ་ས་གནས་མི་མང་གིས་ས་འཐུས་འཛུགས་ཀྱི་མིན་ཟེར་བ་དེ་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས། ང་ཚོའི་ངོས་ནས་མི་མང་གིས་འཛུགས་ཀྱི་མིན་ཟེར་བ་དེར་རྒྱུ་མཚན་དམིགས་བསལ་མཐོང་གི་མེད། དེ་བཞིན་མི་མང་ཚང་མའི་ཡིན་དང་མིན་དེ་ཡང་དོགས་པའི་གཞི་ཞིག་རེད། ད་ལྟ་མི་ཁ་ཤས་ཤིག་གིས་གནང་གི་ཡོད་མེད་དང་གང་འདྲ་ཡིན་མིན་ཧ་གོ་ཡི་ཡོད་པ་མ་རེད། ཅེས་དང་། བཅའ་ཁྲིམས་གཏན་འབེབ་བྱས་ནས་བཟུང་ད་བར་འདས་པའི་ལོ་ངོ་ ༣༠ མ་ཟིིན་ཙམ་རིང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་ནང་ས་གནས་འཐུས་ཚོགས་བཙུགས་མྱོང་མེད་པ་དང་། དེ་སྔ་སྦེལ་ཀོབ་ས་གནས་ཀྱི་སྤྱི་ཚོགས་ལས་འགུལ་ཚོགས་པ་ཟེར་བ་ནས་སྤྱི་ལྷན་ལ་སྙན་ཞུ་འབྱོར་ཡོད་པ་དང་། གང་ལྟར་ས་གནས་འཐུས་ཚོགས་འཛུགས་མ་འཛུགས་དེ་ས་གནས་རང་གིས་ཐག་གཅོད་དགོས་པ་ལས། སྤྱི་འཐུས་དང་བཀའ་ཤག་གིས་གང་ཡང་བྱ་རྒྱུ་མེད་སྐོར་དང་། ཡང་གསར་འགོད་པས་ས་འཐུས་འཛུགས་རྒྱུའི་འགན་དབང་དེ་སུ་ལ་ཡོད་མེད་དྲིས་པར། བཅའ་ཁྲིམས་དགོངས་དོན་ཇི་བཞིན་ས་འཐུས་འཛུགས་པར་ཐོག་མར་མི་མང་གི་མོས་མཐུན་དགོས་ཀྱི་ཡོད་སྐོར་དང་། དེ་ལས་ཀྱང་ས་གནས་ནང་འགན་འཁུར་མཁན་གྱི་མི་སྣ་ཚོས་བྱ་དགོས་སྐོར་གསུངས་བྱུང་།

དེ་བཞིན་འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་ངོ་བཅར་གྱིས། སྦེལ་ཀོབ་གཞིས་ཆགས་ནང་ས་གནས་འཐུས་ཚོགས་བཙུགས་མ་ཐུབ་པའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བཅའ་ཁྲིམས་ནང་བོད་མི་གནས་ཡུལ་སོ་སོར་ས་གནས་འཐུས་ཚོགས་དགོས་ཞེས་བཀོད་ཡོད་པ་ལྟར། འཛུགས་སྟངས་ཀྱི་བརྒྱུད་རིམ་དེ་ཐོག་མར་ས་གནས་རང་ནས་ས་གནས་འཐུས་ཚོགས་འཛུགས་རྒྱུའི་ཐག་གཅོད་བྱས་ཏེ། སྤྱི་འཐུས་ལྷན་ཁང་ལ་ཞུ་སྙན་འབུལ་དགོས་པ་དང་། ཞུ་སྙན་དེ་སྤྱི་ལྷན་ནས་བཀའ་ཤག་ལ་ཕུལ་ཏེ། བཀའ་ཤག་གིས་འོས་བསྡུ་ལས་ཁང་ལ་འོས་འདེམས་དགོས་ཞེས་བརྗོད་ཚེ། གཞི་ནས་འོས་བསྡུ་བྱེད་དགོས་པ་ལས། འོས་བསྡུ་ལས་ཁུངས་ཀྱིས་ཐད་ཀར་ས་གནས་འཐུས་ཚོགས་འཛུགས་རྒྱུ་དེ་འདྲ་མེད་སྐོར་གསུངས་བྱུང་།

ཡང་བརྒྱུད་རིམ་དེ་ལྟར་གནང་ཚེ་འོས་བསྡུ་ལས་ཁང་གི་རང་དབང་གི་གནས་བབ་ལ་དོ་ཕོག་ཐེབས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། འོས་བསྡུ་བྱེད་པའི་སྐབས་སུ་རང་དབང་ཡིན་པ་ལས། འོས་བསྡུ་གང་དུ་བྱ་དགོས་མིན་དེར་རང་དབང་མེད་སྐོར་བརྗོད་བྱུང་། དེ་བཞིན་ས་གནས་འཐུས་ཚོགས་འཛུགས་རྒྱུའི་འགན་དབང་དེ་སུ་ལ་ཡོད་མེད་དྲིས་པར་ཁོང་གིས། སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ས་གནས་འཐུས་ཚོགས་ཤིག་བཙུགས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་མེད་པར་འཛུགས་ཐབས་མེད་སྐོར་ཡང་བརྗོད་བྱུང་། དེ་བཞིན་གསར་འགོད་པས་ས་འཐུས་འཛུགས་སྟངས་ཀྱི་བརྒྱུད་རིམ་དག་ཁྲིམས་སྒྲིག་གང་དུ་འཁོད་ཡོད་མེད་དྲིས་པར། དེ་དག་སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་སྟོན་ནང་གསལ་ཡོད་སྐོར་གསུངས་བྱུང་།

འདི་གའི་གསར་འགོད་པས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཚེ་རིང་ཆོས་འཛོམས་ལགས་དང་། སྦེལ་ཀོབ་ལུགས་ཟུང་བསམ་སྒྲུབ་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དང་ས་གནས་འོས་བསྡུ་འགན་འཛིན་གཅིག་ལྕོགས་ཐུབ་བསྟན་ཚེ་རིང་ལགས་གཉིས་སུ་ཞལ་པར་བརྒྱུད། ད་བར་སྦེལ་ཀོབ་མི་མང་ནས་ས་གནས་འཐུས་ཚོགས་དགོས་མིན་གྱི་རེ་འདུན་འདོན་མཁན་བྱུང་ཡོད་མེད་དྲིས་པར་གཉིས་ཀས་སོ་སོའི་ལས་ཡུན་རིང་བྱུང་མེད་སྐོར་དང་། ཡང་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་ས་གནས་འཐུས་ཚོགས་འཛུགས་རྒྱུའི་འགན་དབང་དེ་སུ་ལ་ཡོད་མེད་དྲིས་པར། སྒྲིག་སྲོལ་ལྟར་ན་ཐོག་མར་མི་མང་ནས་ས་གནས་མགོ་འཛིན་ལས་ཁུངས་ལ་བཅར་ཏེ་ས་གནས་འཐུས་ཚོགས་འཛུགས་དགོས་པའི་རེ་འདུན་འདོན་དགོས་སྐོར་དང་། ཡང་ས་འཐུས་འཛུགས་རྒྱུའི་འགན་དབང་དེ་ས་གནས་འོས་བསྡུ་ལས་ཁང་ལ་ཡོད་མེད་དྲིས་པར་འོས་བསྡུའི་འགན་འཛིན་གཉིས་ཀས། འགན་དབང་དེ་སུ་ལ་ཡོད་མེད་བཤད་ཐབས་མེད་པ་དང་། ལྷག་ཏུ་མགོ་འཛིན་གཉིས་ཀ་ས་གནས་མགོ་འཛིན་བསྐོས་ནས་ལོ་ ༡ ལྷག་མ་གཏོགས་འགོར་མེད་སྟབས། ས་གནས་འཐུས་ཚོགས་འཛུགས་མ་ཐུབ་པའི་རྒྱུ་རྐྱེན་སོགས་ཀྱི་ཐད་རྒྱུས་མངའ་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༧༨ ནས་ ༩༢ བར་ས་གནས་འཐུས་ཚོགས་དང་འབྲེལ་བའི་སྒྲིག་གཞི་ཡིན་ཞིང་། དོན་ཚན་དེ་དག་ནང་ས་གནས་འཐུས་ཚོགས་ཀྱི་ཚོགས་མིའི་གྲངས། དབང་ཚད། འགན་དབང་དང་། ལྷག་པར་དུ་བོད་མི་གནས་སྡོད་ས་གནས་སོ་སོར་ས་གནས་འཐུས་ཚོགས་རེ་ངེས་པར་དུ་དགོས་སྐོར་འཁོད་ཡོད་པ་ལས། ས་གནས་འཐུས་ཚོགས་དགོས་མིན་དེ་མི་མང་གིས་རེ་འདུན་འདོན་མིན་དང་། ས་གནས་འཐུས་ཚོགས་འཛུགས་ཆེད་ས་གནས་མགོ་འཛིན་ལས་ཁུངས་ལ་སྙན་གསེང་ཞུ་དགོས་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྙན་གསེང་ཞུ་དགོས་སྐོར་སོགས་གང་ཡང་གསལ་གྱི་མེད་པ་རེད།

 གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༦

Leave a Reply

2 thoughts on “སྦེལ་ཀོབ་གཞིས་ཆགས་སུ་ས་གནས་འཐུས་ཚོགས་དགོས་པའི་ཞུ་འབོད།