ཏོག་དབྱིབས་འགོག་ཁབ་ཅིག་གིས་ནུས་པ་བརྒྱ་ཆ་ ༩༥ ཐོན་གྱི་ཡོད་འདུག

ཉིན་ཤས་སྔོན་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་ཅིག་གིས་ནུས་པ་བརྒྱ་ཆ་ ༩༠ ཐོན་གྱི་ཡོད་སྐོར་བསྒྲགས་པ་དང་ཁ་སང་ཡང་ཨ་རིའི་སྐྱེས་དངོས་འཕྲུལ་རིག་བཟོ་གྲྭ་མོ་ཌེ་ན་ཞེས་པས་ནུས་པ་བརྒྱ་ཆ་ ༩༥ ཐོན་གྱི་ཡོད་པའི་འགོག་ཁབ་ཅིག་གསར་སྐྲུན་བྱས་ཡོད་པའི་གནས་ཚུལ་བསྒྲགས་འདུགརྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིར་རྟེན་གཞི་བྱས་པའི་སྐྱེས་དངོས་འཕྲུལ་རིག་བཟོ་གྲྭ་མོ་ཌེ་ན་ (Moderna) ཡིས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་གཉན་རིམས་ཀྱི་སྔོག་འགོག་སྨན་ཁབ་དེས་ནུས་པ་བརྒྱ་ཆ་ ༩༥ ཐོན་གྱི་ཡོད་སྐོར་བསྒྲགས་ཡོད་ཅིང་། བཟོ་སྐྲུན་ཁང་དེས་ཨ་རིའི་ཟས་རིགས་དང་སྨན་རྫས་བཀོད་འདོམས་ལས་ཁུངས་ནས་ཛ་དྲག་བཀོལ་སྤྱོད་ཀྱི་ཆོག་མཆན་ཞུས་ཏེ། འབྱུང་འགྱུར་བདུན་ཕྲག་འགའི་ནང་མང་ཚོགས་ལ་དོངས་སུ་བགོ་འགྲེམ་བྱ་འཆར་ཡོད་འདུག

སྐྱེས་དངོས་འཕྲུལ་རིག་བཟོ་གྲྭ་དེའི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་སྐུ་ཞབས་ཊལ་ཛག་(Tal Zak) གིས་བྷི་བྷི་སི་གསར་ཁང་ལ། སྤྱི་ཡོངས་ནས་སྔོན་འགོག་སྨན་ཁབ་འདིའི་ནུས་པ་ཧ་ལས་པ་ཞིག་རེད་འདུག ང་ཚོས་སྨན་ཁབ་འདིས་ནུས་པ་བརྒྱ་ཆ་ ༩༤ ཐོན་སྲིད་པའི་ཚོད་དཔག་བྱས་མེད། ཅེས་བརྗོད་འདུག་ལ། ཨ་རིའི་རྒྱལ་ཡོངས་འགོས་ནད་ཚན་པའི་འགན་འཛིན་སྨན་པ་ཨེན་ཐོ་ནི་ཧྥོ་སི་(Anthony Fauci) ཡིས་མོ་ཌེ་ན་སྔོན་འགོག་སྨན་ཁབ་དེ་མུན་ནག་ཁྲོད་ཀྱི་འོད་མདངས་ཤིག་ཡིན་སྐོར་བསྔགས་བརྗོད་བྱས་ཡོད་འདུག

མོ་ཌེ་ན་སྨན་ཁབ་དེ་ཉིད་ཨ་རིའི་ཏོག་དབྱིབས་གཉན་རིམས་འགོས་མཁན་ཐོག་མའི་ནད་པ་ ༩༥ ལ་ཚོད་ལྟ་བྱས་ཏེ་བཟོས་པ་ཞིག་ཡིན་འདུག་ཅིང་། མི་གྲངས་ཁྲི་ ༣ བདམས་ཏེ་མི་གྲངས་ཕྱེད་ཀ་ལ་མོ་ཌེ་ན་སྨན་ཁབ་བརྒྱབ་པ་དང་། ཕྱེད་ཀ་ལ་སྨན་ཁབ་རྫུན་མ་བརྒྱབ་སྟེ་ཚོད་ལྟ་བྱས་དུས། སྨན་ཁབ་རྫུན་མ་བརྒྱབ་པའི་ཁྲོད་ནས་མི་གྲངས་ ༩༠ ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་མ་ཟད། དེ་དག་ཁྲོད་ནས་ ༡༡ གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་འདུག འོན་ཀྱང་། མོ་ཌེ་ན་སྨན་ཁབ་བརྒྱབ་པའི་ཁྲོད་ནས་མི་གྲངས་ ༩ ལ་མ་གཏོགས་ནད་རྟགས་ཐོན་མེད་ཅིང་། ནད་པ་གཅིག་ཀྱང་ཛ་དྲག་གི་གནས་སྟངས་ནང་ལྷུང་མེད་འདུག དེ་བཞིན་ཚོད་ལྟའི་བརྒྱུད་རིམ་ཁྲོད་སྨན་ཁབ་དེའི་རྐྱེན་པས་ནད་པ་རེ་ཟུང་ལ་མགོ་ན་བ་དང་། ལུས་ཐང་ཆད་པ་སོགས་ཀྱི་དཀའ་ངལ་ཕྲན་བུ་བྱུང་འདུག་ཀྱང་། དེ་ནི་སྔོག་འགོག་སྨན་ཁབ་དེས་ནུས་པ་ཐོན་གྱི་ཡོད་པའི་རྟགས་མཚན་ཞིག་ཡིན་སྐོར་ལས། སྤྱི་ཡོངས་ནས་སྨན་ཁབ་དེའི་རྐྱེན་པས་ཟུར་སྐྱོན་གང་ཡང་བྱུང་མེད་པར་བདེ་འཇགས་ཀྱི་ཚད་བརྒྱ་ཆ་ ༡༠༠ ཡིན་སྐོར་བསྒྲགས་འདུག

འདི་ལོའི་ལོ་མཇུག་བར་མོ་ཌེ་ན་སྨན་ཁབ་ཀྱིས་ཨ་རི་གཅིག་པུའི་ནང་སྨན་ཁབ་ས་ཡ་ ༢༠ ལྷག་བགོ་འགྲེམ་བྱ་འཆར་ཡོད་སྐོར་དང་། ད་ལྟའི་ཆར་ཨ་རིའི་བཟོ་གྲྭ་དེ་ནས་སྨན་ཁབ་ཁྱོན་ས་ཡ་ ༡༠༠ མངགས་ཟིན་པ་མ་ཟད། དེའི་ཐོག་ད་དུང་ས་ཡ་ ༤༠༠ ལྷག་མངག་ཆོག་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག གཞན་ཡང་ཉི་ཧོང་དང་། ཁ་ན་ཌ། སུད་སི། ཁོ་ཊར། ཨི་ཛི་རལ། ཡུ་རོབ་མཐུན་ཚོགས་བཅས་ཀྱིས་ཀྱང་མོ་ཌེ་ན་བཟོ་གྲྭས་བཟོས་པའི་སྨན་ཁབ་དེ་མངག་ཉོ་བྱ་རྒྱུའི་གྲོས་ཆོད་ལ་མིང་རྟགས་བརྒྱབ་ཚར་ཡོད་པ་ལྟར། མོ་ཌེ་ན་སྨན་རྫས་ཁང་ནས་རྗེས་ལོའི་ལོ་མགོ་ནས་རྒྱལ་སྤྱིའི་ཐོག་བགོ་འགྲེམ་བྱ་འཆར་ཡོད་འདུག

བདུན་ཕྲག་སྔོན་མར་ཡང་ཨ་རིའི་སྨན་རྫས་བཟོ་གྲྭ་ཧྥེ་ཛར་ (Pfizer) དང་། འཇར་མན་གྱི་སྨན་རྫས་བཟོ་གྲྭ་ (BioNTech) གཉིས་ཀྱིས་མཉམ་འབྲེལ་ཐོག་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་ BNT162b2 ཞེས་པ་དེ་ཚོད་ལྟ་རིམ་པ་གསུམ་པ་བྱས་ཏེ། ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐད་ནུས་པ་བརྒྱ་ཆ་ ༩༠ ཐོན་གྱི་ཡོད་སྐོར་བསྒྲགས་ཡོད་ཅིང་། སྨན་རྫས་ཁང་དེས་ཀྱང་ཨ་རིའི་ཁ་ཟས་དང་སྨན་རྫས་བཀོད་འདོམས་ལས་ཁུངས་ནས་ཛ་དྲག་ངང་བཀོལ་སྤྱོད་ཆོག་པའི་ཆོག་མཆན་ཞུས་ཏེ། མི་མང་ལ་བགོ་འགྲེམ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད། ཧྥེ་ཛར་སྔོན་ཁབ་དང་བསྡུར་ན་མོ་ཌེ་ན་དེ་ཉིད་ནུས་པ་ཆེ་བ་མ་ཟད། ཉར་འཇོག་གི་ཐད་ནས་ཀྱང་། ཧྥེ་ཛར་སྔོན་ཁབ་དེ་ཉིད་གྲང་ཚད་ཀོར་ཐིག་མན་གྱི་ ༧༥ (Celsius) ཡི་ཁོར་ཡུག་ནང་འཇོག་དགོས་ཀྱང་། མོ་ཌེ་ན་དེ་ཉིད་གྲང་ཚད་ཀོར་ཐིག་མན་གྱི་ ༢༠ (Celsius) ཡས་མས་ནང་དུས་ཡུན་ཟླ་བ་ ༦ ལྷག་རིང་གསོག་འཇོག་བྱ་ཆོག་གི་ཡོད་འདུག

ད་ལྟའི་ཆར་ཧྥི་ཛར་དང་མོ་ཌེ་ན་སྔོན་ཁབ་ཀྱི་བཟང་ཕྱོགས་ཀྱི་གྲུབ་འབྲས་ལ་བརྟེན་ནས་ད་ལྟ་ཚོད་ལྟ་བྱེད་མུས་ཡིན་པའི་སྔོན་འགོག་སྨན་ཁབ་གཞན་ལའང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཕལ་ཆེ་བ་ལམ་ལྷོངས་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱིན་འདུག་ཀྱང་། མང་ཚོགས་ཁྲོད་དངོས་སུ་སྔོན་འགོག་སྨན་ཁབ་བགོ་འགྲེམ་ཐད་གདོང་ལེན་བྱ་དགོས་པའི་གནད་དོན་མང་པོ་ལྷག་སྲིད་པ་དང་། དེའི་རྐྱེན་པས་ཆེད་ལས་མི་སྣ་མང་པོས་གནས་སྟངས་ཞི་འཇགས་ཡོང་རྒྱུར་ད་དུང་ལོ་ཕྱེད་ནས་ལོ་གཅིག་བར་འགོར་སྲིད་པ་ཞིག་ཡིན་སྐོར་རྗོད་ཀྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༧

Leave a Reply