རྒྱ་ནག་གིས་ཧོང་ཀོང་གི་རྩ་ཁྲིམས་ལ་འགྱུར་བཅོས་གཏོང་བའི་མགོ་བཙུགས།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱེད་རང་སྐྱོང་ལྟ་བུའི་བཅའ་ཁྲིམས་དང་རྩ་ཁྲིམས་གཉིས་ལ་འགྱུར་བ་བཏང་སྟེ་རྒྱ་ནག་གི་ཆེས་མཐའ་མཇུག་གི་གྲོང་ཁྱེར་གྱི་རང་དབང་དང་དམངས་གཙོ་འཕྲོག་ཐབས་བྱེད་ཀྱི་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཞའོ་མེན་ཟེར་བ་དེས། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱེད་རང་སྐྱོང་ལྟ་བུའི་བཅའ་ཁྲིམས་དང་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་མགོ་བརྩམས་ཡོད་པ་དང་། ཧོང་ཀོང་ནང་ཁྲིམས་ཀྱི་སྒྲོམ་གཞི་ཡག་པོ་ཞིག་བྱུང་བ་ཡིན་ན། ཧོང་ཀོང་གྲོས་ཚོགས་ཀྱི་རང་དབང་ལ་ཁྱད་གསོད་གང་ཡང་གཏོང་གི་མ་རེད། ཅེས་བརྗོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དམངས་འཐུས་རྒྱུན་ལྷན་ནས་ཧོང་ཀོང་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་བཞི་ཕྱིར་འབུད་བཏང་རྗེས། དམངས་གཙོ་དོན་གཉེར་ཅན་གྱི་འཐུས་མི་གཉིས་ཕུད་པའི་གཞན་ཚང་མས་དགོངས་པ་ཞུས་ཏེ་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་གསར་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

ཀྲང་ཞའོ་མེན་གྱིས།  བསྒྱུར་བཅོས་དེ་ལས་ནོར་འཁྲུལ་དང་བདེན་པ་གང་ཡིན་གསལ་འདོན་བྱ་རྒྱུ་དང་། ཧོང་ཀོང་རྒྱ་ནག་ཁྱིམ་རྒྱུད་ཆེན་མོའི་ཁོངས་གཏོགས་ལ་ངོས་འཛིན་མི་བྱེད་མཁན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བསྐྲུན་མཁན་རྣམས་ངོས་འཛིན་དང་ཐེར་འདོན་བྱ་སླད་ཡིན་སྐོར་བརྗོད་ཡོད་པ་དང་། བསྒྱུར་བཅོས་ཁྲོད་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་ཁས་ལེན་དམ་འབུལ་དང་། གྲོས་ཚོགས་འཐུས་མིར་ཚང་དགོས་པའི་ཁྱད་ཆོས། དེ་བཞིན། རྒྱལ་ཞེན་གྱི་སློབ་གསོ་སོགས་ཡོད་འདུག

དེ་བཞིན། དེ་རིང་རྒྱ་ནག་གཞུང་གི་ཕྱོགས་གཏོགས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་ཉེ་བའི་ཉིན་ ༥ རིང་མང་ཚོགས་ཁྲོད། ཧོང་ཀོང་གྲོས་ཚོགས་ཀྱི་རྒྱུན་ལྷན་ནས་དམངས་གཙོ་དོན་གཉེར་ཅན་གྱི་འཐུས་མི་ཕྱིར་འབུད་བཏང་བར་བསམ་ཚུལ་བསྡུ་ལེན་བྱས་པ་བརྒྱུད། ཧོང་ཀོང་མི་མང་ས་ཡ་ ༢།༡༨ ལྷག་གིས་རྒྱ་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཡོད་ལུགས་བསྒྲགས་འདུག

མཚན་རྟགས་བསྡུ་རུབ་ཀྱི་གྲུབ་དོན་ནང་།  དྲ་ལམ་བརྒྱུད་ལས་འགུལ་དེར་མི་གྲངས་ས་ཡ་ ༡།༠༢ དང་། སྲང་ལམ་ནས་མི་མང་ས་ཡ་ ༡།༡༦ བཅས་ཧོང་ཀོང་གི་ཕྱི་ནང་གཉིས་ནས་ཁྱོན་མི་གྲངས་ས་ཡ་ ༢།༡༨ ཀྱིས། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ཕྱིར་འབུད་བཏང་བར་རྒྱབ་སྐྱོར་བྱེད་ཀྱི་འདུག ཅེས་བརྗོད་ཡོད་པ་དང་། ལས་འགུལ་དེ་ནི་ཧོང་ཀོང་གྲོས་ཚོགས་ནང་དམངས་གཙོ་ཚོགས་པའི་ནུས་པ་ཉམས་དམས་སུ་གཏང་སྟེ། རྒྱ་ནག་དང་རྒྱ་ནག་གི་ཕྱོགས་གཏོགས་ཚོས་ཧོང་ཀོང་གི་མ་འོངས་པར་དབང་བསྒྱུར་བྱེད་པའི་སྔོན་འགྲོ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད།དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བསྐྲུན་མཁན་གྱི་ཉེས་མིང་འོག་ཆབ་སྲིད་པ་རྣམས་ཕྱིར་འབུད་གཏོང་ཆོག་པར་བཟོས་ཏེ། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ ༤ ཕྱིར་འབུད་བཏང་སྐབས། འཐུས་མི་གཉིས་ཕུད་པའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ ༡༥ ཡིས་གྲོས་ཆོད་དེར་ངོ་རྒོལ་དང་འཐུས་མི་བཞི་ལ་རྒྱབ་སྐྱོར་མཚོན་སླད་གྲོས་ཚོགས་ནས་རྩ་དགོངས་ཞུས་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། ཕྱི་ལོ་ ༢༠༤༧ བར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་རང་སྲིད་རང་སྐྱོང་གི་གནས་བབ་འོག་འཇོག་རྒྱུ་ཡིན་པའི་ཆིངས་ཡིག་བཞག་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་དང་། གྲོས་ཚོགས་འཐུས་མིར་སྟངས་འཛིན་གྱི་གྲོས་ཆོད་སོགས་ལག་བསྟར་བྱས་ཏེ། ད་བར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་གནས་པའི་ཧོང་ཀོང་ནི་རྒྱ་ནག་གི་ཆེས་མཐའ་མཇུག་གི་རང་དབང་དང་དམངས་གཙོ་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པའི་རྨི་ལམ་དེ་ད་ལྟ་མཇུག་བསྡུ་ཡི་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱའི་ཁྱིམ་རྒྱུད་ཆེན་མོར་དགའ་ཞེན་ཡོད་མཁན་ཚོས་ཧོང་ཀོང་ལ་དབང་བསྒྱུར་བྱ་ངེས་ཡིན་ཞེས་བརྗོད་ཡོད་པ་ལྟར། ཧོང་ཀོང་གི་སྤྱི་ཁྱབ་པ་གཙོ་བོར་གྱུར་བའི་དབང་འཛིན་པའི་ཁྲོད་རྒྱ་ནག་གཞུང་གི་ཕྱོགས་གཏོགས་ཚོར་གོ་སྐབས་སྔར་ལས་ཆེ་བ་ཐོབ་ཀྱི་ཡོད་པ་དང་།  རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལ་ལྡོག་ཕྱོགས་ཀྱི་སྐད་ཆ་བཤད་པ་ཙམ་གྱིས་འཛིན་བཟུང་བཀག་ཉར་དང་འདྲི་རྩད་ཉེས་ཆད་འགེལ་བའི་གནས་སྟངས་ཆགས་བསྡད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༡༧

Leave a Reply