རྒྱ་གཞུང་གིས་སྤྱི་དམངས་གསར་འགོད་པར་ཁྲིམས་ཐག་བཅད།

ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་འབྲེལ་བའི་གནད་དོན་ཕྱིར་བསྒྲགས་བྱེད་མཁན་སྤྱི་དམངས་གསར་འགོད་པ་ལྕམ་ཀྲང་ཀྲན་ལགས་ལ་ལོ་བཞི་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་རིང་ཕྱི་ཚེས་ ༡༧ ཉིན་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཁྱབ་དང་འབྲེལ་ཏེ། རང་དབང་གི་གསར་འགོད་པ་རྣམས་འཛིན་བཟུང་བྱེད་བཞིན་པའི་གནད་དོན་གསར་འགྱུར་བརྒྱུད་ལམ་དུ་སྒྲོག་མཁན་སྤྱི་དམངས་གསར་འགོད་པ་ལྕམ་ཀྲང་ཀྲན་ (Zhang Zhan)ལགས་ཀྱིས་གནས་ཚུལ་རྫུན་མ་བསྒྲགས་པའི་ཉེས་མིང་འོག ཉེ་སྔོན་ལོ་༤ ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བསྐྱར་དུ་ཞུ་གཏུག་དང་ཁྲིམས་ཆད་ཉུང་འཕྲི་སོགས་ཀྱི་ཐོབ་ཐང་མེད་པ་བཟོས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་ཧྲང་ཧེ་གྲོང་ཁྱེར་ཕུ་ཏུང་རྫོང་གསར་བཀག་ཉར་ཁང་ (Pudong New District Detention Center) གིས་གསར་འགོད་པ་ཀྲང་དང་འབྲེལ་ནས་ཉེས་འཛུགས་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། གསར་འགོད་པ་ཀྲང་གིས་སྐད་འཕྲིན་དང་ཊུ་ཝེ་ཊུར། ཡུ་ཊུའུ་སོགས་སྤྱི་ཚོགས་དྲ་ལམ་བརྒྱུད་ཡི་གེ་དང་བརྙན་ལམ་ནས་གནས་ཚུལ་རྫུན་མ་མང་དག་ཞིག་སྤེལ་ཡོད་པ་དང་། མོས་ཕྱིའི་གསར་ཁང་སྟེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨེ་ཕོག་དུས་བབ་ (Epoch Times) སོགས་ཀྱི་བཅར་འདྲི་དང་ལེན་བྱས་ཏེ། ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་རྫུན་བསྒྲགས་བྱས་ཡོད་པར་བརྟེན། མི་ལོ་བཞི་ནས་ལྔ་བར་བཙོན་འཇུག་ཁྲིམས་ཆད་གཅོད་ངེས་སྐོར་བཀོད་ཡོད་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཚོགས་པ་ (Chinese Human Rights Defenders) གནས་ཚུལ་ལྟར་ན། གསར་འགོད་པ་ཀྲང་གིས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་ཙམ་ནས་ཟས་བཅད་ངོ་རྒོལ་བྱེད་མགོ་བཙུགས་ཡོད་སྟབས། ཁོང་མོའི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པ་དང་། འབྲེལ་ཡོད་མི་སྣས་བཙན་ཤེད་ཀྱིས་ཟ་མ་ཟ་རུ་བཅུག་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་མོའི་གྱོད་དོན་དང་འབྲེལ་ནས་ཁྲིམས་རྩོད་པ་ཞིག་ཕུད་པ་དང་། ཁོང་མོར་ཉེས་འཛུགས་བྱས་པའི་གྱོད་དོན་དང་འབྲེལ་བའི་གནས་ཚུལ་རྣམས་ལ་བཀག་སྡོམ་དང་། ཀྲང་གི་ཨ་མ་ཉེ་འབྲེལ་སོགས་ལ་ཉེས་འཛུགས་ཀྱི་ཡིག་ཆ་ཁག་སྤྲོད་ཀྱི་མེད་པ་སོགས་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༢ ནང་གསར་འགོད་པ་ཀྲང་ཀྲན (Zhang Zhan) ཧྲང་ཧེ་ནས་ཝུ་ཧན་གྲོང་ཁྱེར་དུ་ཕྱིན་ཏེ། སྐབས་དེའི་ཝུ་ཧན་ནང་གི་རང་དབང་གསར་འགོད་པ་འཛིན་བཟུང་བཀག་ཉར་བྱས་པ་སོགས་ཀྱི་གནད་དོན་སྤྱི་ཚོགས་དྲ་ལམ་བརྒྱུད་གླེང་སློང་བྱས་ཡོད་པ་དང་། ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཧྲང་ཧེ་རུ་བཀག་ཉར་འོག་ཡོད་འདུག ཁོང་མོ་རང་ལོ་ ༣༧ ཡིན་ཞིང་། ཁྲིམས་རྩོད་པ་ཟུར་པ་ཞིག་ཀྱང་ཡིན་འདུག ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོ་སོ་སོར་ཁོང་མོས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་འབྲེལ་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལ་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་དང་གནས་ཚུལ་རྫུན་བསྒྲགས་ཀྱི་ཉེས་འཛུགས་བྱས་ཡོད་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་གཉན་རིམས་ཐོག་མར་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་ལ་བཀག་སྡོམ་ཆེན་པོ་བྱས་ཡོད་ནའང་། ཝུ་ཧན་གྱི་ཚོང་བ་ཧྥན་པིན་ (Fang Bin) དང་གསར་འགོད་པ་ལི་ཙི་དཔའ་ (Li Zehua)། གཉན་རིམས་ཀྱི་གནས་སྟངས་དངོས་བརྙན་ལེན་བྱེད་མཁན་སྤྱི་དམངས་གསར་འགོད་པ་ཁྲིན་ཆུ་ཧྲི་ (Chen Qiushi) སོགས་ཀྱིས་ཊུའུ་ཝེ་ཊུར་དང་། ཡུ་ཊུའུ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་སྤྱད་དེ་ཡུལ་དེའི་གནས་སྟངས་དངོས་འདོན་སྤེལ་བྱས་ཡོད་ཀྱང་། དེ་དག་རེ་རེ་བཞིན་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་བརྒྱད་ཙམ་གྱི་རྗེས་སྤྱི་དམངས་གསར་འགོད་པ་ཁྲིན་ཆུ་ཧྲི་ (Chen Qiushi) རྒྱ་ནག་གཞུང་གི་ལྟ་རྟོག་ནན་མོའི་འོག་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཟླ་ ༤ ལྷག་གི་རྗེས་སུ་གསར་འགོད་པ་ལི་ཛི་དཔའ་ཀློད་གྲོལ་བཏང་ཡོད་པ་ལས། ཚོང་པ་ཧྥན་པིན་ད་ལྟ་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༧

Leave a Reply

One thought on “རྒྱ་གཞུང་གིས་སྤྱི་དམངས་གསར་འགོད་པར་ཁྲིམས་ཐག་བཅད།

  1. སྲོང་ཚ་ཁྲི་རལ། Ngawang Trirel

    ཞིབ་ཕྲའི་གསར་འགྱུར་ཅུང་ཁ་གསལ་ཙམ་ཞིག་བཀོད་གནང་འདུག ཐུགས་རྗེ་ཆེ། ཡིན་ནའང་དེའི་ནང་དོགས་གཞི་གཅིག་ཡོད་པ་ནི། ཁོང་རང་ཉིད་བཙོན་ཁང་དུ་ཁྲིམས་ཆད་འཁུར་བཞིན་པའི་སྐབས་ཀྱི་འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་ཤར་ཙམ་ནས་ཟས་བཅད་ངོ་རྒོལ་གནང་སྟབས། ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་ཞན་པོ་ཆགས་པ་དང་། འབྲེལ་ཡོད་མི་སྣས་ཁོང་ལ་བཙན་ཤེད་ཀྱིས་ཟ་མ་ཟ་རུ་འཇུག་པ་སོགས་ཀྱི་གནས་ཚུལ་དེ་ཚོ་ཁུངས་བཙན་ཞིག་ཡིན་ནམ་སྙམ། གང་ཡིན་ཟེར་ན། ཁོང་གི་གྱོད་དོན་ལ་དམ་དྲག་དེ་ཙམ་བྱེད་ཀྱི་ཡོད་ན། བཙན་ཤེད་ཀྱིས་ཟ་མ་ཟ་རུ་བཅུག་པ་སོགས་ཀྱི་གནས་དོན་ཕྱིར་བསྒྲགས་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་པས། བློ་ཡུལ་ལ་ཅུང་གཤོངས་དཀའ་ཙམ་འདུག འོན་ཀྱང་། གདུལ་བྱ་རེ་ལ་འདུལ་བྱེད་རེ་ཆོས་ཉིད་ཡིན་པས། གནས་ཚུལ་ཡོང་ཁུངས་ཀྱང་རིགས་འདྲ་མིན་སྣ་ཚོགས་ཤིག་ཡོང་མི་སྲིད་མ་རེད་སྙམ།