བོད་མིའི་སྒྲིག་འཛུཊ་ཀྱི་ལས་བྱེད་གཉིས་ལ་ཏོག་དབྱིབས་གཉན་རིམས་འགོས།

ཏོག་དབྱིབས་གཉན་རིམས་འགོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་དེ་ལས་བྱེད་གཞན་ ༨༨ དང་ཐད་ཀར་འབྲེལ་འདྲིས་བྱུང་ཡོད་པའི་རྐྱེན་གྱིས་ཁོང་ཚོ་ཚང་མ་རང་ཁྱིམ་དུ་ཟུར་འགོག་བྱས་ཏེ་ལས་ཁུངས་ཡོངས་རྫོགས་དེ་རིང་ཕྱི་ཚེས་ ༡༧ ནས་ཉིན་གཉིས་རིང་སྒོ་བརྒྱབ་འདུག ཁ་སང་བོད་མིིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་གཉིས་ལ་ཏོག་དབྱིབས་འགོས་པ་ཤེས་རྟོགས་བྱུང་ཡོད་པ་དང་། ནད་པ་གཉིས་དང་ཐད་ཀར་འབྲེལ་བ་བྱུང་བའི་ལས་བྱེད་གཞན་ ༨༨ ཡོད་པ་རྣམས་ད་ལྟའི་ཆར་རང་ཁྱིམ་དུ་ཟུར་འགོག་འོག་བཞག་ཡོད་པ་མ་ཟད། ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོངས་རྫོགས་སྒོ་བརྒྱབ་སྟེ་དུག་སེལ་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསར་འགོད་པར།  ད་ཐེངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་ལ་གཉན་རིམས་འགོས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་།ལས་བྱེད་གཉིས་ཀྱི་ཁྲོད་ནས་གཅིག་དེ་སྣེ་ལེན་ཁང་གི་འགོག་དབྱེ་ཟུར་འཇོག་ཁང་རང་ནས་ཐོན་ཡོད་པ་དང་། གཞན་དེ་བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོངས་རང་ནས་ཐོན་ཡོད་སྐོར་དང་། ཁ་སང་དགོང་དྲོའི་ཆུ་ཚོད་ ༤ པ་ལ་འཕྲོད་བསྟེན་ལས་ཁུངས་ལ་གནས་ཚུལ་འབྱོར་སོན་བྱུང་བ་ལྟར། འཕྲལ་དུ་ལས་ཁུངས་སོ་སོའི་ནང་ནད་པ་དང་འབྲེལ་འདྲིས་བྱུང་བ་རྣམས་རྩད་གཅོད་བྱས་ཏེ། མཐའ་མཇུག་དེར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ ༨༨ ལྷག་ལ་ཐད་ཀར་འབྲེལ་བ་བྱུང་བ་ཤེས་རྟོགས་བྱུང་ཡོད་བར་བརྟེན། དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོངས་རྫོགས་སྒོ་བརྒྱབ་སྟེ། ནད་པར་འབྲེལ་འདྲིས་བྱུང་བ་རྣམས་ལ་རང་ཁྱིམ་དུ་ཟུར་འགོག་བྱ་དགོས་པའི་ལམ་སྟོན་ཕུལ་ཡོད་སྐོར་དང་། རིམ་པས་ཚང་མར་བརྟག་དཔྱད་བྱ་རྒྱུ་ཡིན་པ་དང་། འཕྲོད་བསྟེན་ལས་ཁུངས་ངོས་ནས་བཀའ་ཤག་ལ་བརྟག་འབྲས་མ་འབྱོར་བར་དུ་ལས་ཁུངས་རྣམས་མུ་མཐུད་སྒོ་བརྒྱབ་སྐོར་སྙན་སེང་ཞུས་ཡོད་སྐོར་གསུངས་སོང་།

ནམ་རྒྱུན་ཏོག་དབྱིབས་ནད་པ་བྱུང་ཚེ་འགྲུལ་བཞུད་བྱེད་སྐབས་ལམ་བར་ནས་འགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ཉེ་ལམ་དྷ་ས་རང་དུ་སྡོད་མཁན་ཀྱི་སློབ་མ་ཞིག་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་ཐག་གཅོད་བྱུང་ཡོད་སྟབས། འགྲུལ་བཞུད་ཀྱི་ལོ་རྒྱུས་གང་ཡང་མེད་མཁན་ཞིག་ལ་ན་ཚ་འགོས་ཡོད་པའི་གནས་སྟངས་དེར་བོད་མིའི་སྒྲིག་འཛུགས་ལ་དེའི་འབྱུང་ཁུངས་གང་ཡིན་ཐད་དགོངས་ཚུལ་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་གར་གཞུང་གིས་ནད་ཡམས་དང་འབྲེལ་སྒོ་འབྱེད་ཨང་ ༥ པ་བྱས་ཡོད་པའི་རྗེས་སུ་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་མེག་གྷན་ཏུ་ཡུལ་སྐོར་བ་འཚང་ཁ་ཤིག་ཤིག་ཡོང་གི་ཡོད་སྟབས། ས་གནས་མི་མང་ལ་ན་ཚ་འགོས་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང་། ས་ཕྱོགས་གང་སའི་ཡུལ་སྐོར་བ་འཛོམས་ཀྱི་ཡོད་སྟབས་དེའི་འབྱུང་ཁོངས་ས་གནས་བྱེ་བྲག་གང་ནས་ཡིན་མིན་རྩད་གཅོད་ཐུབ་པ་ཁག་པོ་ཡིན་ནའང་། ས་གནས་སུ་ན་ཚ་ཡོང་བའི་རྒྱུ་རྐྱེན་ནི་ཡུལ་སྐོར་བ་མང་པོ་ཞིག་སྣང་མེད་ངང་འདིར་ཡོང་ཡོད་པའི་རྒྱུ་མཚན་གྱི་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། ད་ཐེངས་ནད་ཡམས་ཕོག་པའི་སྲི་ཞུ་ལས་བྱེད་གཅིག་དེ་ཕྱི་ལོགས་ནས་ཕྱིར་སློག་བྱས་ཏེ་སྣེ་ལེན་ཁང་དུ་ཡོད་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་བ་ཞིག་དང་། གཞན་དེ་རང་གི་བཟའ་ཟླ་བརྟག་དཔྱད་བྱེད་ཞོར་དུ་རང་ཉིད་ཀྱིས་ཀྱང་བརྟག་དཔྱད་བྱེད་སྐབས་ཐོན་པ་ཞིག་ཡིན་སྐོར་དང་། ནད་པ་ཕྱི་མ་དེས་ཉེ་ལམ་ལས་ཁུངས་ཆེ་གྲས་ ༥ ཙམ་ནང་པར་ལེན་དང་བཅར་འདྲི་སོགས་ཀྱི་གཞུང་དོན་བསྒྲུབས་ཡོད་པ་དང་། ཁོང་དང་ཐད་ཀར་འབྲེལ་གཏུག་བྱུང་མཁན་རྣམས་ལ་ཟུར་འགོག་བྱ་དགོས་པའི་ལམ་སྟོན་བྱས་ཡོད་པ་དང་། འབྲེལ་གཏུག་བྱུང་བའི་ལས་བྱེད་རྣམས་ཀྱི་ནང་མི་སྤུན་མཆེད་ཀྱིས་མཚོན་པའི་འབྲེལ་གཏུག་རིམ་པ་གཉིས་པ་རྣམས་ལ་བརྟག་དཔྱད་བྱ་མིན་དེ། འབྲེལ་གཏུག་རིམ་པ་དང་པོའི་བརྟག་འབྲས་ཐོན་རྗེས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༧

Leave a Reply

2 thoughts on “བོད་མིའི་སྒྲིག་འཛུཊ་ཀྱི་ལས་བྱེད་གཉིས་ལ་ཏོག་དབྱིབས་གཉན་རིམས་འགོས།

  1. བཀྲིས་དབང་འདུས་མཚོ་སྣ།

    གོང་གསལ་འདྲ་པར་ནང་གསར་འགོད་པ་རྣམས་གྱངས་ཐག་སྲུང་བརྩི་གནང་གི་མེད་པ་རྣམ་བསལ་པོ་རྟོགས་ཐུབས། མི་མང་ལ་འགྲེལ་བརྗོད་དཀའ།

  2. ལས་བྱེད་དེ་གཉིས་ཀྱི་། ཨོ་ཏ་རེད་ཏུ་རེད་ཏུ་ཏ་རེད་ཏུ་རེད་སོ་ཧ་།ཟུང་སྔ་ལ་ཡིད་ཆས་བྱེད་མེད་པ་འདྲ་།