ཨ་རིའི་དྲ་རྒྱའི་བདེ་འཇགས་འགན་འཛིན་གནས་དབྱུང་བཏང་།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རིའི་དྲ་རྒྱའི་བདེ་འཇགས་འགན་འཛིན་ཁུ་རེ་སི་ལགས་ཀྱིས་འོས་བསྡུའི་གྲུབ་འབྲས་དང་འབྲེལ་དངོས་ཡོད་དང་མི་མཐུན་པའི་སྐད་ཆ་བཤད་པའི་ཉེས་མིང་འོག་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་དང་འབྲེལ། ཨ་རིའི་ནང་སྲིད་ལྷན་ཁང་གི་དྲ་རྒྱའི་བདེ་འཇགས་འགན་འཛིན་ཁུ་རེ་སི་རེབ་བྷི་སི་(Chris Krebs)ལགས་ཀྱིས་སྲིད་འཛིན་ཊོམ་ཕུས་དམངས་གཙོ་ཚོགས་པས་འོས་བསྡུའི་གྲུབ་འབྲས་ལ་གཡོ་བྱུས་འཐེན་ཡོད་ཟེར་བའི་སྐད་ཆ་བདེན་པ་མིན་སྐོར་བརྗོད་ཡོད་སྟབས། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། སྐུ་ཞབས་ཁུ་རེ་སི་ལགས་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཁོ་ནི་སྲིད་འཛིན་ཊོམ་ཕུས་ཨ་རིའི་འོས་བསྡུ་ཆེན་མོ་དང་འབྲེལ་གནས་དབྱུང་བཏང་བའི་གཞུང་འབྲེལ་མི་སྣ་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

སྐུ་ཞབས་ཁུ་རེ་སི་ལགས་གནས་དབྱུང་གཏོང་དགོས་དོན་ལ་སྲིད་འཛིན་ཊོམ་ཕུའི་ཊེ་ཝི་ཊར་སྟེང་། ཉེ་སྔོན་ཁུ་རེ་སི་ལགས་ཀྱིས། ཕྱི་ལོ་ ༢༠༢༠ ལོའི་འོས་བསྡུའི་བདེ་འཇགས་ཐད་བཤད་པའི་སྐད་ཆ་དག་ནི་ཧ་ཅང་བདེན་པ་མིན་ལ། ཁོའི་སྐད་ཆའི་ནང་དོན་དངོས་དང་མི་མཐུན་ཞིང་གཡོ་ཟོལ་ཆེན་པོ་འདུག ཅེས་བརྗོད་ཡོད་པ་དང་། ཉེ་སྔོན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་གྲུབ་པ་དང་སྲིད་འཛིན་ཊོམ་ཕུས་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་དམངས་གཙོ་ཚོགས་པས་འོས་བསྡུར་རྒྱལ་ཁ་འཐོབ་སླད་འོས་བསྡུའི་གྲུབ་འབྲས་གཡོ་བཟོ་བྱས་པའི་སྙོགས་འཛུགས་བྱས་སྟབས། སྐབས་དེར་སྐུ་ཞབས་ཁུ་རེ་སི་ལགས་ཀྱིས། ཕྱི་ལོ་ ༢༠༢༠ ལོའི་འོས་བསྡུའི་གྲུབ་འབྲས་ལ་གཡོ་ཟོལ་གང་ཡང་བྱས་མེད་པ་མ་ཟད། འདི་ལོའི་ཨ་རིའི་འོས་བསྡུ་ཆེན་མོ་དེ་ཨ་རིའི་ལོ་རྒྱུས་ནང་གི་ཆེས་བདེ་འཇགས་ཀྱི་འོས་བསྡུ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་ཡོད་པ་རེད།

སྐུ་ཞབས་ཁུ་རེ་སི་ལགས་ཀྱིས་ཊེ་ཝི་ཊར་སྟེང་། ངས་ཨ་རིའི་མི་མང་ལ་སྲི་ཞུ་སྒྲུབ་རྒྱུའི་གོ་སྐབས་བྱུང་བ་ནི་གཟི་བརྗིད་ཅིག་ཏུ་བརྩི་ཡི་ཡོད། ང་ཚོས་དེ་རིང་གི་ལས་དོན་སྲུང་སྐྱོབ་བྱས་ཏེ་སང་ཉིན་ཉེན་སྲུང་བྱེད་དགོས ཞེས་རང་ཉིད་ལས་གནས་ནས་ཕྱིར་འབུད་བཏང་བར་གྱོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་པ་དང་།  ཉེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཱག་ཨེ་སི་པར་ལགས་བློ་དཀར་གཞུང་དྲང་མིན་པ་དང་ཕྱོགས་ལྷུང་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་འོག་གནས་དབྱུང་བཏང་ཡོད་པ་རེད།

ད་རེས་སྐུ་ཞབས་ཁུ་རེ་སི་ལགས་གནས་དབྱུང་བཏང་བར་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཊོམ་ཕུར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་རྒྱུན་ལས་གྲོས་ཚོགས་འཐུས་མི་ཚོས། དོན་དངོས་ཐོག་འོས་བསྡུ་མགོ་འཛུགས་བྱས་པའི་ཉིན་ནས་བཟུང་། སྲིད་འཛིན་ཊོམ་ཕུསགནས་ཚུལ་རྫུན་བསྒྲགས་དང་འུར་བསྒྲགས་བྱས་ཏེ། ང་ཚོའི་འོས་བསྡུའི་ཆེ་མཐོང་ལ་མཐོང་ཆུང་བྱས་པ་མ་ཟད། དེས་ང་ཚོའི་སྤྱི་དམངས་ཀྱི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་ཏེ་མ་འོངས་པའི་མི་རབས་མང་པོ་ཞིག་གིས་འོས་བསྡུའི་བརྒྱུད་རིམ་ལ་གདེང་འཇོག་དང་ཡིད་ཆེས་བྱེད་པར་དཀའ་ངལ་བཟོས་ཡོད། ཅེས་བརྗོད་ཡོད་པ་རེད།

སྤྱིར་འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དེ་དམངས་གཙོ་ཚོགས་པའི་འོས་མི་རྗོ་བྷའེ་ཌན་ལགས་སུ་ཐོབ་ཟིན་པ་དང་། སྲིད་འཛིན་ཊོམ་ཕུས་ད་ལྟ་ད་དུང་ཡང་རང་ཉིད་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་བ་ཁས་ལེན་བྱེད་ཀྱི་མེད་ཀྱང་། སྤྱི་མཐུན་ཚོགས་པས་སྲིད་འཛིན་ཊོམ་ཕུས་མངའ་སྡེ་ ༤ ནང་འདི་ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་གཡོ་ཟོལ་བྱས་པའི་ཁྲིམས་གཏུག་གི་ལས་འགུལ་སྤེལ་ཕྱིར་འཐེན་བྱས་ཡོད་པ་དང་། སྲིད་འཛིན་ཊོམ་ཕུས་གཙོས་པའི་སྤྱི་མཐུན་ཚོགས་པས་འོས་བསྡུའི་གྲུབ་འབྲས་ཐད་གླེང་སློང་ཅི་ཞིག་བྱས་ཀྱང་། ད་ལྟ་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་སྲུང་སྐྱོབ་ཐད་ཀྱི་ཆེད་མཁས་པ་ ༥༩ ལྷག་གིས་འདི་ལོའི་འོས་བསྡུའི་གྲུབ་འབྲས་ལ་ཕྱི་ནང་གཉིས་ནས་ཐེ་གཏོགས་དང་གཡོ་ཟོལ་མེད་པར་དྲང་བདེན་བྱུང་ཡོད་སྐོར་བརྗོད་ཡོད་འདུག

གཞན་ཡང་། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རིས་རྒྱལ་ཁབ་གཞན་ལ་ཐེ་གཏོག་བྱེད་རྒྱུ་མང་དྲགས་པའི་རྒྱུ་མཚན་འོག་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨབ་གྷན་ནེ་སི་ཐན་དང་ཨེ་རག་ནང་ཨ་རིའི་དམག་མི་ཁྱོན་ ༢༥༠༠ རེ་མ་གཏོགས་གཞན་ཚང་མ་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ནུབ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཨ་རིའི་མནའ་འབྲེལ་མཐུན་ཚོགས་(NATO)ཀྱི་སྤྱི་ཁྱབ་དྲུང་ཆེ་ཇན་སི་སི་ཊོལ་ཊན་བྷག་(Jens Stoltenberg)ལགས་ཀྱིས། གལ་སྲིད་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནུབ་ཕྱོགས་པའི་དམག་མི་ཕྱིར་འཐེན་བྱས་ཚེ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་ས་དེར་དབང་སྒྱུར་བྱེད་སྲིད་སྟབས་ཨ་རིར་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༢༠/༡༡/༡༨

Leave a Reply