ཨ་རུ་ན་ཅལ་དང་ཐད་ཀར་ས་འབྲེལ་ཡོད་ས་དེ་བོད་ཡིན།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ན་ཅལ་དང་ཐད་ཀར་ས་འབྲེལ་ཡོད་པ་དེ་བོད་ཡིན་ལ་མཐའ་མཚམས་བརྟན་སྲུང་ཆེད་ལས་གཞི་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བསྐྱར་དུ་གསུངས་འདུགཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་ (The New Indian Express) གསར་ཁང་གིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི་ཞུ་སྐབས། སྤྱི་ཁྱབ་བློན་ཆེན་མཆོག་ནས་དོན་དངོས་སུ་ཨ་རུ་ན་ཅལ་ནི་ཐད་ཀར་རྒྱ་ནག་དང་ས་འབྲེལ་མེད་པར། ཐད་ཀར་ས་འབྲེལ་ཡོད་པ་དེ་བོད་རེད། སུས་ཀྱང་ལོ་རྒྱུས་ནག་གསུབ་གཏོང་ཐུབ་ཀྱི་མ་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནི་འཛམ་གླིང་ལ་ཡོངས་གྲགས་རེད། ཅེས་གསུངས་འདུག

ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་ནས་པདྨ་མཁའ་འགྲོ་མཆོག་གིས།  མངའ་སྡེ་གཞན་ལ་ཕྱིའི་རོགས་དངུལ་ཧ་ཅང་འབོར་ཆེན་ཐོབ་ཀྱི་ཡོད། འོན་ཀྱང་ཨ་རུ་ན་ཅལ་མངའ་སྡེ་ནི་དཀའ་ངལ་ཅན་དུ་ལྷག་ཡོད་པ་དང་། ད་ལྟ་བར་དུ་ཕྱིའི་རོགས་དངུལ་གང་ཡང་ཐོབ་མེད་པ་རེད། ཅེས་གསུངས་ཏེ། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ལ་ལྷོ་བོད་ཅེས་འབོད་ཀྱིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་དེ། འཛམ་གླིང་དངུལ་ཁང་དང་ཨེ་ཤ་ཡའི་ཡར་རྒྱས་དངུལ་ཁང་སོགས་ནས་མངའ་སྡེའི་འཛུགས་སྐྲུན་ལས་གཞིའི་ཆེད་བུན་གཡར་དང་རོགས་དངུལ་ཐོབ་ཐབས་སུ་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་དང་། དབུས་གཞུང་གིས་རྒྱ་དཀར་ནག་གི་ས་མཚམས་ཞེས་འབོད་སྲིད་ནའང་། ཨ་རུ་ན་ཅལ་མངའ་སྡེ་ལ་ཆ་མཚོན་ན་ས་མཚམས་བོད་ལ་འཁེལ་ཡོད་པ་ལས་རྒྱ་ནག་ལ་འཁེལ་མེད་སྐོར་གསུངས་འདུག

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ན་ཅལ་ནི་བོད་དང་རྒྱ་གར་ས་མཚམས་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་དུ་མེད་སྐོར་གསུངས་པ་ཐེངས་དང་པོ་མིན་པར། འདི་ལོའི་ཕྱི་ཟླ་ ༦ ནང་ཁོང་བོད་ཧིན་ས་མཚམས་ཀྱི་མོན་རྟ་དབང་ཁུལ་དུ་གཟིགས་སྐོར་དུ་ཕེབས་ཏེ་མཐའ་མཚམས་དམག་མིར་གསུང་བཤད་གནང་སྐབས། ཁུལ་དེའི་ས་མཚམས་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཤིག་ཡིན་པ་དང་། བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་ས་ཁུལ་ཞིག་ཡིན་པ་ལོ་རྒྱུས་ཀྱི་ཐོག་ནས་གསལ་པོ་ཡིན་སྐོར་གསུངས་ཡོད་པ་མ་ཟད། སྐབས་དེར་ཁོང་སྐུ་སྒེར་གྱི་ཊུ་ཝེ་ཊུར་སྤྱི་ཚོགས་དྲ་ལམ་སྟེང་དུའང་བོད་ཧིན་ས་མཚམས་ཡིན་སྐོར་བཀོད་ཡོད་པ་རེད།

ཁ་སང་གི་བཅར་འདྲིའི་སྐབས་སུ་ཁོང་གིས། བོད་དང་ཨ་རུ་ན་ཅལ་མངའ་སྡེ་གཉིས་ཀྱི་དབར་སྤྱི་ལེ་ ༡༡༠༠ ལྷག་གི་ས་འབྲེལ་ཆགས་ཡོད་པ་དང་། མཐའ་མཚམས་སུ་སྲུང་དམག་འཁོར་རྒྱུག་བྱེད་པར་ལམ་ཁ་ནི་ཧ་ཅང་གལ་ཆེན་ཡིན་སྟབས། མཐའ་མཚམས་མྱུར་ལམ་ (Frontier Highway) བརྒྱུད་མཐའ་མཚམས་ཁག་སྦྲེལ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། དེ་དང་འབྲེལ་ནས་དབུས་བདེ་སྲུང་དང་ནང་སྲིད་ལྷན་ཁང་ལ་གྲོས་བསྡུར་བྱུང་སྟེ། ལས་གཞི་དེའི་ཐད་དབུས་ནང་སྲིད་ལས་ཁུངས་ནས་རོགས་དངུལ་ཐབས་འཚོལ་བྱེད་ཀྱི་ཡོད་སྐོར་དང་། ཤར་ནུབ་བཟོ་ལས་ཁུལ་ (East-West Industrial Corridor) གྱི་མྱུར་ལམ་གྱི་ལས་གཞི་བརྒྱུད་མངའ་སྡེའི་ཤར་ནས་ནུབ་བར་མྱུར་ལམ་གྱིས་མཐུད་ཐབས་བྱེད་ཀྱི་ཡོད་པ་དང་། ལྷོ་ནུབ་ངོས་ཀྱི་ཨ་སམ་མངའ་སྡེའི་ཕྱོགས་ནས་བོད་ཧིན་ས་མཚམས་རྟ་དབང་བར་དུ་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་སྐོར་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༦ ཙམ་ནས་བཟུང་ལ་དྭགས་ཀྱི་བོད་ཧིན་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ཆེན་པོ་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ ལྷག་རྐྱེན་འདས་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་རེད་ལ། བོད་ཧིན་ས་མཚམས་སུ་སྐོར་སྲུང་བྱེད་སྐབས། བོད་མིའི་དྭང་ཞབས་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་རྐྱེན་འདས་སུ་ཕྱིན་པ་སོགས། ད་ལྟའང་ས་མཚམས་ཀྱི་གནས་སྟངས་ཛ་དྲག་ངང་ཕྱོགས་གཉིས་སུ་དྲག་དམག་འགྲེམས་འཇོག་ཤུགས་ཆེན་བྱས་ནས་ཡོད་པ་རེད། ཉེ་ལམ་གྱི་ཛ་དྲག་གི་གནས་སྟངས་འདིའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སི་ཁྲོན་ཞིང་ཆེན་ནས་ཨ་རུ་ན་ཅལ་མངའ་སྡེ་དང་ས་འབྲེལ་སུ་ཡོད་པའི་བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་བར་དུ་ལྕགས་ལམ་གསར་འཛུགས་བྱེད་ཀྱི་ཡོད་པ་བསྒྲགས་ཡོད་ལ། དེ་ནི་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་དང་འབྲེལ་ནས་མཐའ་མཚམས་བརྟན་སྲུང་གི་ལས་གཞི་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༨

Leave a Reply

One thought on “ཨ་རུ་ན་ཅལ་དང་ཐད་ཀར་ས་འབྲེལ་ཡོད་ས་དེ་བོད་ཡིན།

  1. སྤྱི་ཁྱབ་བླུན་ཆེ་པངྨ་མ་མཁའ་འགྲོ་ལགས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་།
    བོད་པ་རང་བཙན་མ་བརྩོད་ན་ཕྱིའི་རྒྱབ་སྐྱོར་ག་ཚོད་བྱེད་ཀྱང་ནུས་མེད་ཆགས་