ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་གྲོས་ཆོད་བཞག

ཁ་སང་ཕྱི་ཚེས་ ༡༨ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གྱིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་བཟོས་པ་སོགས་ལ་གལ་འགངས་ཆེ་བའི་ངོས་འཛིན་ཞུ་བའི་གྲོས་གཞི་ཞིག་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་འདུགགྲོས་གཞི་དེ་འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་འཐུས་མི་ཊི་ཌི་ཡོ་ཧོ་ (Ted Yoho) ལགས་ཀྱི་མཚན་ཐོག་ནས་གྲོས་ཚོགས་འོག་མའི་ནང་བཏོན་ཡོད་པ་དང་། ཐེངས་འདིར་ཁོང་གིས། གྲོས་ཚོགས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གྱིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་བཟོས་པ་སོགས་ལ་གལ་འགངས་ཆེ་བའི་ངོས་འཛིན་ཞུ་བའི་ངའི་གྲོས་གཞི་སྤྱི་མོས་ཀྱིས་གཏན་འབེབ་གནང་བར་དགའ་སྤོབས་སྐྱེས་སོང་བ་དང་། ཨ་རིས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་བཙན་གནོན་འོག་གི་བོད་མིའི་རང་དབང་ལ་ཁག་ཐེག་ངེས་པར་དུ་བྱེད་དགོས་པ་རེད། ཅེས་གསུངས་ཏེ། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག

དེ་ཡང་གྲོས་གཞི་དེའི་ནང་། རིག་གཞུང་དང་ཆོས་ཀྱི་གལ་ཆེན་རང་བཞིན་ཐོག་བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་ངོས་འཛིན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བ་གོང་སྤེལ་གྱི་ཐུགས་སྐྱེད་དམ་བཅར་ཆེ་བསྟོད་ཞུ་རྒྱུ།  ༧གོང་ས་མཆོག་དང་ལྷན་རྒྱལ་སྤྱིའི་དཀའ་རྙོག་ཞི་བའི་ངང་སེལ་ཐབས་སུ་དྲ་བརྙན་བརྒྱུད་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གམ། གྲོས་ཚོགས་གོང་འོག་གཉིས། ཡང་ན་ (Capitol Visitor Center) ནང་ཁ་པར་བརྒྱུད་ཚོགས་འདུ་དང་གྲོས་ཚོགས་འཐུས་མི་རྣམས་ལ་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་གལ་ཆེ་བའི་ཐག་གཅོད་གནང་བར་ཆོད་སེམས་ཡོད་པ་བཅས་བཀོད་ཡོད་པ་རེད།

ཡང་གྲོས་གཞི་དེའི་ནང་༧གོང་ས་མཆོག་ནས་འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་བ་དང་། འཛམ་གླིང་གི་དཀའ་རྙོག་ཁག་གྲོས་མོལ་བརྒྱུད་སེལ་དགོས་པའི་ལམ་སྟོན་གནང་བཞིན་པ་དང་། འཚེ་མེད་ཞི་བའི་ཐོག་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གསར་གཏོད་མཛད་པར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཨ་རི་དང་བོད་མིའི་བར་མཛའ་འབྲེལ་བྱུང་ནས་མི་ལོ་ ༦༠ འཁོར་ཡོད་པ། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་མངོན་འདོད་དང་། མཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཆེན་པོ་གནང་བཞིན་པའི་སྐོར་བཀོད་ཡོད་པ་རེད།

གྲོས་ཆོད་དེ་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ (Nancy Pelosi)མཆོག་གི་སྒེར་གྱི་ཊུ་ཝེ་ཊུར་སྤྱི་ཚོགས་དྲ་ལམ་སྟེང་། དེ་རིང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པར་གྲོས་ཚོགས་ཀྱི་ངོས་ནས་གྲོས་ཆོད་བཞག་སྟེ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་དང་། གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གིས་དུས་ནམ་ཡང་བོད་ནང་གི་ཆོས་དང་རིག་གཞུང་གི་རང་དབང་གི་ཕྱོགས་དང་ཧོང་ཀོང་གི་ཁྲིམས་ལུགས་དབང་འཛིན་ལ་འཐབ་རྩོད་བྱ་རྒྱུ་ཡིན། ཅེས་གསུངས་འདུག

གྲོས་གཞི་དེ་ནི་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ཊི་ཌི་ཡོ་ཧོ་ (Ted Yoho) ལགས་ཀྱི་མཚན་ཐོག་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་ཚོགས་ཆུང་གི་ཚོགས་གཙོ། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern) ལགས་དང་། ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཆཱ་རེ་སི་སི་མེ་ཐི་ (Chris Smith) ལགས། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་མེ་ཁོལ་ (Michael McCaul)ལགས་བཅས་ཀྱིས། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གྱིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་བཟོས་པ་སོགས་ལ་གལ་ཆེན་གྱིས་ངོས་འཛིན་ཞུ་བའི་གྲོས་འཆར་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༡༩

Leave a Reply

One thought on “ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་གྲོས་ཆོད་བཞག

  1. བསོད་ནམས་རྒྱལ་མཚན།

    རྣམ་རྟོག་སློང་། རོགས་པ་མཁྱོན་ནས་བྱེད་ཡ་མེད་པ་ལ་གྲོས་ཆོད། བོད་ནི་ཙབ་ཧྲལ་ཆགས་ཟིན། སྟོང་ལ་ཉེ། ☠️