ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཇུས་ཆེན་ཁག་ ༡༠ གསལ་བོར་བསྟན། 

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམིགས་བསལ་སྙན་ཐོའི་ནང་རྒྱ་ནག་གི་བྱ་སྤྱོད་ཀྱི་རྐྱེན་པས་རྒྱ་ནག་དེ་ཉེན་ཁ་ཞིག་ཡིན་ཞེས་རྒྱ་ནག་གི་ཞན་ཆ་དང་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོད་ཐབས་ཀྱི་ཇུས་ཆེན་ཁག་ ༡༠ བཏོན་འདུགདེ་རིང་ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་ (SCMP) གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཁྱབ་ཁོངས་སྲིད་བྱུས་འཆར་འགོད་ལས་ཁུངས་ནས་ (Office of Policy Planning) རྒྱ་ནག་གི་ཉེན་ཁ་དང་དེར་གདོང་ལེན་བྱེད་ཐབས་ཀྱི་སྙན་ཐོ་ཤོག་གྲངས་ ༧༤ ཅན་ཞིག་བཏོན་པའི་ནང་། རྒྱ་ནག་གི་གཞི་རྩའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཞན་ཆ་ལ་རྒྱུས་ལོན་བྱས་ཏེ། ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་སྟོབས་ཤུགས་ལ་ཁ་གཏད་ཇི་ལྟར་གཅོག་དགོས་སྐོར་བཀོད་ཡོད་འདུག

སྙན་ཐོ་དེ་ད་ལྟ་ཕྱིར་བསྒྲགས་བྱས་མི་འདུག་ཀྱང་། ཨ་རིར་ཡོད་པའི་དྲ་ལམ་གསར་ཁང་ Axios ཞེས་པར་སྙན་ཐོའི་ངོ་བཤུས་ཤིག་ལག་སོན་བྱུང་ཡོད་ཅིང་། སྙན་ཐོའི་ནང་རྒྱ་ནག་ལ་ཁ་གཏད་གཅོག་ཆེད། ཨ་རིའི་ངོས་ནས་ཐབས་བྱུས་ཆེ་ཁག་ ༡༠ ཐོག་ནས་རང་གི་མནའ་འབྲེལ་སྟོབས་ཤུགས་རྒྱ་སྐྱེད་དང་། རྩ་ཁྲིམས་ཀྱིས་བྱིན་པའི་དམངས་གཙོའི་གསོན་ཤུགས་བསྐྱར་གསོ་དགོས་སྐོར་གྱི་བསམ་འཆར་བཏོན་ཡོད་འདུག དེ་ཡང་རྒྱལ་ནང་དུ་དམངས་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་གཙིགས་སུ་འཛིན་པའི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ངོ་བོ་དར་འཕེལ་གཏོང་དགོས་པ། ཨ་རིས་མུ་མཐུད་འཛམ་གླིང་སྟེང་གི་དམག་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གནས་བབ་འཛིན་དགོས་པ། རང་དབང་དང་གུ་ཡངས། ཁྲིམས་གཞི་རྩར་བཟུང་བའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་དགོས་པ། ཨ་རིས་རང་གི་མནའ་འབྲེལ་མཐུན་ཚོགས་ལ་བསྐྱར་ཞིབ་དགོས་སྐོར་བཀོད་འདུག

གཞན་ཡང། ཨ་རིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་དང་ཤོག་ཁག་ལ་མཉམ་འབྲེལ་བརྒྱུད་རང་གི་མནའ་འབྲེལ་སྟོབས་ཤུགས་རྒྱ་སྐྱེད་དགོས་པ་མ་ཟད། མཉམ་ལས་བརྒྱུད་འཛམ་གླིང་གི་སྒྲིག་འཛུགས་ཁག་བསྐྱར་བཅོས་དང་གསར་འཛུགས་ཀྱིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐབ་སྲུང་སྐྱོབ་དར་འཕེལ་གཏོང་དགོས་པ། རྒྱ་ནག་དང་མཉམ་ལས་དགོས་སར་མཉམ་ལས་དང་འགག་ལ་ཐུག་དུས་རྒོལ་དགོས་པ་མ་ཟད། རྒྱ་ནག་ནང་རང་དབང་འདོད་མཁན་ཚོར་རྒྱབ་སྐྱོར་བྱེད་དགོས་པ། ཨ་རིའི་མང་ཚོགས་ལ་རྒྱ་ནག་གི་ཉེན་ཁའི་རང་བཞིན་སྐོར་གོ་རྟོགས་སྤེལ་དགོས་པ། མི་རབས་གསར་པའི་གཞུང་གི་སྲི་ཞུ་ལས་བྱེད་རྣམས་ལ་རྒྱ་ནག་དང་འབྲེལ་བའི་དམག་དོན་དང་། ཕྱི་འབྲེལ། སྤྱི་ཚོགས་བཅས་ཀྱི་གནད་དོན་ཐད་ལ་ཞིབ་ཚགས་ཀྱི་སྦྱོང་བརྡར་སྤྲོད་དགོས་པ། ཨ་རིའི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ལ་བསྐྱར་བཅོས་བྱས་ཏེ་ཨ་རིའི་སློབ་མ་རྣམས་ལ་རང་ཉིད་མི་སེར་ཞིག་ཡིན་པའི་འགན་འཁྲིའི་བསམ་བློ་སྐྱེ་ཐབས་དགོས་པ། ཨ་རི་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་རང་དབང་གི་ལྟ་གྲུབ་སྲུང་མཁན་ཞིག་ཡིན་དགོས་པ་བཅས་ཀྱི་ཐབས་བྱུས་ཆེ་ཁག་ ༡༠ བཏོན་ཡོད་འདུག

སྙན་ཐོ་དེའི་ནང་ད་དུང་རྒྱ་ནག་གི་ཞན་ཆའི་གནད་དོན་སྐོར་ཞིག་ཀྱང་གསལ་འདོན་བྱས་འདུག་པའི་ཁྲོད། རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་ལས་འབྱུང་སྲིད་པའི་དཀའ་རྙོག་དང་། རྒྱ་ནག་རྒྱལ་ཡོངས་ནང་ལོ་ན་རྒན་པའི་མི་འབོར་འཕར་བཞིན་པ། ཁོར་ཡུག་འབག་བཙོག་གི་གནད་དོན། དབུས་སའི་དམར་ཤོག་ཚོགས་པ་ནང་ཁུལ་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན། ཆོས་སྡེ་དང་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་བྱེད་བཞིན་པ། དེ་བཞིན་རྒྱ་ནག་གི་མགོ་འཁྲིད་བརྗེ་སྒྱུར་གྱི་གནས་སྟངས་དང་། འཛམ་གླིང་ཁྱོན་ཡོངས་ནང་རྒྱ་ནག་གི་ཕྱི་འབྲེལ་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་པ་སོགས་གནད་དོན་མང་པོའི་ཐོག་ནས་ད་ལྟའི་རྒྱ་ནག་གི་ཞན་ཆ་རྣམས་ཐེར་འདོན་བྱས་འདུག

གཞན་ཡང་། སྙན་ཐོའི་མགོར་བཀོད་པའི་བརྗོད་དོན་སྙིང་བསྡུས་ནང་། རྒྱ་ནག་གི་བྱ་སྤྱོད་ཀྱི་རྐྱེན་པས་རྒྱ་ནག་དེ་ཉེན་ཁ་ཞིག་ཡིན། ཞེས་བཀོད་དེ། རྒྱ་ནག་དེ་ཕྱི་ལོའི་དུས་རབས་ ༢༠ ལོའི་མར་ལེའི་སྒེར་གཅོད་རིང་ལུགས་ཀྱི་གཞི་རྩའི་ཐོག་བསྐྲུན་པ་ཞིག་དང་། ཨ་རི་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་གྱིས་ཕྱི་ལོ་ ༡༩༧༠ ནང་རྒྱ་ནག་དང་ཚོང་འབྲེལ་མགོ་བཙུགས་པའི་རྐྱེན་གྱིས། རྒྱ་ནག་དེ་དེང་རབས་ཀྱི་ལམ་དུ་ཞུགས་ཏེ་དཔལ་འབྱོར་སྟོབས་ཤུགས་ཅན་ཞིག་ཆགས་ཡོད་ནའང་། ད་ལྟ་རྒྱ་ནག་གིས་རང་གི་དཔལ་འབྱོར་སྟོབས་ཤུགས་བཀོལ་ཏེ། རྒྱལ་ཁབ་གཞན་དང་རྒྱལ་སྤྱིའི་སྒྲིག་སྲོལ་དེ་རྒྱ་ནག་གི་སྤྱི་ཚོགས་ལམ་ལུགས་དང་བསྟུན་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་དམག་དོན་སྟོབས་ཤུགས་རྒྱ་བསྐྱེད་དེ་ཨ་རིའི་དམག་ཤུགས་ལས་ཐོད་བརྒལ་བྱེད་བཞིན་ཡོད་སྐོར་བཀོད་འདུག་ལ། རྒྱ་ནག་གིས་དབང་ཆ་གཅིག་སྡུད་དང་དབང་སྒྱུར་གི་རང་གཤིས་དེ་ཉིད་ཤེས་རྟོགས་ཡོང་བར། མར་ལེ་རིང་ལུགས་དང་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཐལ་ཆ་ཆེ་བའི་མི་རིགས་རིང་ལུགས་ལ་རྒྱུས་ལོན་ཞིབ་ཚགས་དགོས་སྐོར་བསམ་འཆར་བཏོན་ཡོད་འདུག

སྙན་ཐོ་དེའི་ཁ་བྱང་དུ་རྒྱ་ནག་གི་གདོང་ལེན་དགོས་པའི་གནད་དོན་ཁག་ (The Elements of the China Challenge) ཅེས་བཏགས་འདུག་ཅིང་། སྙན་ཐོ་དེ་ཉིད་ཕྱི་ལོ་ ༡༩༤༧ ལོར་སྤེལ་བའི་ཨ་རིའི་སྲིད་བྱུས་འཆར་འགོད་ལས་ཁུངས་མགོ་འཛུགས་བྱེད་མཁན་ཇོར་ཇི་ཀེ་ནན་ (George Kennan) གྱི་ཤུགས་རྐྱེན་ཆེས་ཆེ་བའི་རྩོམ་ཡིག་ཨུ་རུ་སུའི་བྱ་སྤྱོད་ཀྱི་ཡོང་ཁུངས་ (The Sources of Soviet Conduct) སམ་ཡང་ན། ཡོངས་གྲགས་སུ་ཏར་འཕྲིན་རིང་མོ་ (The Long Telegram) ཞེས་པར་གཞིར་བཞགས་ནས་རྩོམ་སྒྲིག་བྱས་པ་ཞིག་ཡིན་འདུག སྐུ་ཞབས་ཀེ་ནན་གྱིས་རྩོམ་ཡིག་དེའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཨུ་རུ་སུར་ཁ་གཏད་ཇི་ལྟར་གཅོག་དགོས་སྐོར་བཤད་ཡོད་པ་ལྟར། དོན་དངོས་ཐོག་རྩོམ་ཡིག་དེ་ནི་ཨ་རིའི་གྲང་དམག་སྐབས་སུ་ཨུ་རུ་སུར་འཛིན་པའི་སྲིད་བྱུས་ཤིག་ཡིན་པས། དེ་སྔ་ནས་རྒྱ་ནག་གཞུང་ཕྱོགས་ནས་ཨ་རིས་རྒྱ་ནག་ཐོག་གྲང་དམག་དུས་ཀྱི་ལྟ་ཕྱོགས་འཛིན་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ལ། རྒྱ་ནག་ནང་གི་ཉམས་ཞིབ་པ་སྐོར་ཞིག་གིས་ཨ་རིས་ད་ལྟ་འདི་ལྟ་བུའི་སྙན་ཐོ་བཏོན་པ་དེས། རྒྱ་ནག་ལ་འགོག་རྒོལ་གྱི་སྲིད་བྱུས་གསར་པ་ཞིག་འདོན་རྒྱུའི་གཞི་རྩ་བཏིང་ཡོད་སྐོར་བརྗོད་ཡོད་འདུག

ད་ལྟའི་སྲིད་འཛིན་ལས་ཐོག་ཊོམ་ཕུའི་ཨ་རིའི་ཐོག་མའི་སྲིད་བྱུས་དང་རྒྱང་བཀྱེད་དེ། སྙན་ཐོ་དེའི་ནང་ཨ་རིས་རང་ཉིད་མུ་མཐུད་འཛམ་གླིང་གི་མགོ་འཁྲིད་ཀྱི་གནས་བབ་ཉར་སྲུང་བྱ་ཆེད། གོ་ལའི་མཉམ་ལས་ཀྱི་ཕྱོགས་སུ་གཞོལ་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་བཏོན་ཡོད་འདུག ཨ་རིའི་བྷུ་རུ་ཀིང་སི་རྒྱ་ནག་འཐབ་བྱུས་ལྟེ་གནས་ཁང་ (Brookings China Strategy Initiative) གི་འགན་འཛིན་རུ་སི་ཌོ་ཤི་ (Rush Doshi) ཡིས། ད་ལན་གྱི་སྙན་ཐོ་འདིའི་མི་འདྲ་བའི་ཁྱད་ཆོས་ནི། འདིའི་ནང་རྒྱ་ནག་གིས་རང་གི་འཛམ་གླིང་ལྟ་ཕྱོགས་དེས་རང་གི་བྱ་སྤྱོད་ཐག་གཅོད་བྱེད་ཀྱི་ཡོད་པ་གསལ་བོར་བཏོན་འདུག འདི་ནི་ཨ་རིའི་གཞུང་འབྲེལ་ཡིག་ཆ་ཁག་ནང་དཀོན་པོ་ཡིན་ལ། གནད་དོན་འདི་ཉིད་ཨ་རིའི་སྲིད་བྱུས་ཀྱི་བགྲོ་གླེང་ནང་ཚུད་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་ཡོད་འདུག་ཀྱང་། དཔལ་འབྱོར་དང་འཕྲུལ་རིག་གཉིས་ཨ་རྒྱའི་འགྲན་རྩོད་ཀྱི་གནད་དོན་གཙོ་བོ་གཉིས་ཡིན་ནའང། སྙན་ཐོའི་ནང་དེའི་སྐོར་དེ་ཙམ་གསལ་མེད་སྐོར་རྒྱུས་ལོན་བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༩

Leave a Reply

One thought on “ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཇུས་ཆེན་ཁག་ ༡༠ གསལ་བོར་བསྟན།