འཇིག་རྟེན་ཁམས་འཇིག་འགྲོ་ཡི་ཡོད་པའི་སྒང་ལ་འཁྲུག་རྩོད་རྒྱག་པ་སོགས་ཀྱི་དཀའ་ངལ་ལྷག་མ་བཟོས་པ་ནི་བློ་ཕམ་པོ་རེད།

༧གོང་ས་མཆོག་གིས་འདས་ཟིན་པའི་སྐབས་དང་ད་ལྟའི་ཆར་འཁྲུག་རྩོད་བྱུང་བ་ཚང་མ་མིས་བཟོས་པ་ཞིག་དང་དེ་ཡང་མི་ཤེས་རྨོངས་པའི་དབང་གིས་བཟོས་པ་ཞིག་ཡིན་དུས་མིའི་རྣམ་དཔྱོད་ཁྱད་པར་བ་དེ་སློབ་སྦྱོང་ཐོག་བེད་སྤྱོད་བཏང་ནས་དཀའ་ངལ་སེལ་ཐབས་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨོ་སི་ཊོ་ལི་ཡའི་ནང་ ༢༠༢༠ ལོའི་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་སི་ཊི་ནེའི་གཙུག་ལག་སློབ་གཉེར་ཁང་གི་ཀླད་པ་དང་སེམས་ཀྱི་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་ཨོ་ཨེན་ཧི་ཀི་ (Prof. Ian Hickie) ལགས་དང་ལྷན་དུ་བགྲོ་གླེང་དང་། གཙོ་སྐྱོང་བའི་དྲི་བར་བཀའ་ལན་གནང་།

དྲ་ཐོག་བགྲོ་གླེང་སྐབས་༧གོང་ས་མཆོག་གིས། ཐོག་མ་དེར་ངོས་ནས་ཁྱེད་ཚོ་ཆ་ཚང་ལ་འཚམས་འདྲི་ཞུ་རྒྱུ་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་དེ་ཐག་རིང་པོ་ཆགས་ཡོད་པས་ལོ་ཤས་གོང་ནས་ངོས་རང་ཨོ་སི་ཊོ་ལི་ཡར་བཅར་ཐུབ་མེད། ཨོ་སི་ལི་ཡ་ལ་ཕན་ཚུན་འཚམས་འདྲི་ཞུ་བའི་སྐབས་ཐུན་མོང་མ་ཡིན་པའི་གོམས་གཤིས་འདུག། དེ་ཡང་ང་རང་གི་ངོ་ཤེས་པའི་ནེའུ་ཛི་ལན་ཌི་ཡི་མི་དང་ཐུག་དུས་འཚམས་འདྲི་ཞུ་བའི་སྐབས་ཕན་ཚུན་སྣ་ཁུང་ཐུག་ནས་འཚམས་འདྲི་ཞུས་པའི་གོམས་སྲོལ་ཞིག་ཡོད་པ་དེ་དྲན་གྱི་འདུག། ངོས་རང་ལ་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་རུ་ངོ་ཤེས་པའི་གྲོགས་པོ་མང་པོ་ཞིག་ཡོད་པ་ཚང་མར་འཚམས་འདྲི་ཞུ་ཡི་ཡོད། ང་རང་ཚོ་ཕན་ཚུན་ངོ་ཤེས་གྲོགས་པོ་ཆགས་པ་དེ་མི་ཚེའི་རིང་གནས་ཐུབ་པ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་ནང་པའི་ངོས་ནས་བཤད་ན། མི་ཚེ་གཅིག་ལ་གྲོགས་འདྲིས་བྱུང་བ་ཡིན་ན། དེའི་སྟོབས་ཀྱིས་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པའི་སྐོར་གསུངས་འདུག།

ལས་རིམ་གཙོ་སྐྱོང་བས་ཨོ་སི་ཊོ་ལི་ཡའི་ནང་མེ་སྐྱོན་ཆེན་པོ་ཞིག་བྱུང་བ་དེ་ཡིས་སེམས་ཅན་མང་པོའི་སྲོག་ཤོར་བ་དང་། སེམས་ཅན་དང་འགྲོ་བ་མིའི་རིགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་པ་དང་། ད་ལྟའི་ཆར་ནད་ཡམས་ཀྱི་རྐྱེན་གྱིས་ཨོ་སི་ཊོ་ལི་ཡའི་མི་མང་གི་ཕྱིའི་གཟུགས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་ཙམ་མིན་པར་ནང་སེམས་ཁམས་ལའང་དཀའ་ངལ་འཕྲད་ཀྱི་ཡོད་རེད། དེང་སང་འཛམ་བུ་གླིང་ནང་དུ་ཚ་དྲོད་འཕེལ་བའི་དཀའ་ངལ་འཕྲད་པ་སོགས་ཀྱིས་རང་བྱུང་ཁོར་ཡུག་དང་སེམས་ཅན། དེ་བཞིན་འགྲོ་བ་མིའི་རིགས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དང། ལྷག་པར་དུ་ནད་ཡམས་འདིའི་སྐབས་དེ་ལ་གདོང་ལེན་བྱེད་སྟངས་དང། ནད་ཡམས་འདིའི་རྐྱེན་གྱིས་གཉེན་ཉེ་ལུགས་མང་པོ་འདས་གྲོངས་སུ་ཕྱིན་པའི་སེམས་ཁྲལ་དེ་དག་གདོང་ལེན་བྱེད་པའི་ཐབས་ཤེས་ག་རེ་བྱ་དགོས་པའི་སྐོར་བཀའ་ཞུས་སོང་།

༧གོང་ས་མཆོག་གིས་བཀའ་ལན་དུ། དེང་སང་འཛམ་བུ་གླིང་ནང་དུ་དཀའ་ངལ་འཕྲད་བཞིན་པ་དཔེར་ན། འཛམ་གླིང་ཚ་དྲོད་འཕེལ་བཞིན་ཡོད་པ་ལྟ་བུ་ནི་མིས་སྟངས་འཛིན་བྱེད་ཐབས་བྲལ་བ་ཞིག་རེད། ལྷོ་ཨ་མེ་རི་ཁ་དང་ཨོ་སི་ཊོ་ལི་ཡའི་ནང་དུ་ཤིང་ནགས་ལ་མེ་ཆེན་པོ་ཤོར་བ་ནི་དཀའ་ངལ་ཚབས་ཆེན་པོ་ཡིན་པ་དང། ཡང་ཡང་ཡོང་རྒྱུའི་དཀའ་ངལ་ཞིག་ཀྱང་ཆགས་ཀྱི་ཡོད། གང་ལྟར་རང་བྱུང་གི་ཁམས་འཁྲུག་པའི་རྐྱེན་གྱིས་བྱུང་བ་ཞིག་རེད། རྒྱ་གར་གྱི་གནའ་རབས་ལུང་བསྟན་ནང་དུ་འཛམ་བུ་གླིང་འདི་འཇིག་འགྲོ་བའི་རྐྱེན་ནི། མཚོན་གྱི་རྐྱེན་དང་མུ་གེ། ནད་ཡམས་ཀྱི་རྐྱེན་གྱིས་འཇིག་འགྲོ་ཡི་ཡོད། མཐའ་མ་འཛམ་བུ་གླིང་འདི་འཇིག་འགྲོ་ཡི་ཡོད། ཚན་རིག་པ་ཁ་ཤས་ཞིག་གིས། གོ་ལའི་ཚ་དྲོད་ཆེས་ཆེར་འཕེལ་ནས་རྒྱུག་ཆུ་ཆེན་པོ་རྣམས་སྐམ་འགྲོ་ཡི་ཡོད་སྐོར་བཤད་པ་དང་མངོན་པར་མཛོད་ནང་དུ་གསུངས་ཡོད་པ་དེ་གཉིས་མཐུན་གྱི་འདུག། ང་རང་ཚོ་གསོན་པའི་རིང་དང་འཛམ་བུ་གླིང་ནང་ལ་གནས་པའི་རིང་ལ། མི་ཚེ་བདེ་སྐྱིད་ལྡན་པ་དང་ཞི་བདེའི་བག་ཕེབས་ངང་གནས་དགོས་པ་ནི་གལ་ཆེན་པོ་ཡིན། ལྷག་པར་དུ་འཇིག་རྟེན་ཁམས་ཡོངས་རྫོགས་འཇིག་འགྲོ་ཡི་ཡོད་པ་དེའི་སྒང་ལ་ཡང་བསྐྱར་ང་རང་ཚོས་འཁྲུག་རྩོད་རྒྱག་པ་སོགས་ཀྱི་དཀའ་ངལ་ལྷག་མ་བཟོས་པ་ནི་བློ་ཕམ་པོ་ཞིག་རེད། དེར་བརྟེན་གཙོ་བོ་ནི་གསོན་པའི་རིང་ལ་བདེ་སྐྱིད་དང་ཞི་བདེ་བག་ཕེབས་ངང་ནས་སྲོག་འཚོ་དགོས་པ་ནི་གལ་ཆེན་པོ་ཡིན། དེ་ཡང་ང་རང་ཚོར་སློབ་སྦྱོང་དགོས་པ་ནི་གལ་ཆེན་པོ་རེད། འདས་ཟིན་པའི་སྐབས་དང་ད་ལྟའི་ཆར་འཁྲུག་རྩོད་བྱུང་བ་ཚང་མ་མིས་བཟོས་པ་ཞིག་ཡིན་པ་དང་། དེ་ཡང་མི་ཤེས་རྨོངས་པའི་དབང་གིས་བཟོས་པ་ཞིག་ཡིན། སྤྱིར་བཏང་འགྲོ་བ་མིའི་རིགས་དང་སེམས་ཅན་ཡོངས་རྫོགས་བདེ་བ་འདོད་ཀྱི་ཡོད། དེར་བརྟེན་བདེ་བ་དགོས་ན་མིའི་རིགས་ཕན་ཚུན་འཆམ་མཐུན་ངང་ནས་གནས་དགོས། ཚན་རིག་པས་ཀྱང་ང་རང་ཚོ་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པ་བཤད་ཀྱི་ཡོད། དེ་འདྲ་སོང་ཙང་སེམས་ཅན་དང་འགྲོ་བ་མིའི་རིགས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་ཙང་གཅིག་ཕན་གཅིག་གྲོགས་ཀྱི་བསམ་པ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། གཞི་རྩའི་ངོས་ནས་ང་རང་ཚོ་ཚང་མ་མི་ཞིག་ཡིན་པས་གཅིག་གྱུར་གྱི་བསམ་པ་དགོས་ལ། ང་རང་ཚོ་བོད་པ་རྣམས་ཀྱང་རྒྱ་གར་དུ་བསླེབས་ནས་འགྲོ་བ་མི་ཡིན་པ་ཡིན་ན་ཚང་མ་གཅིག་གྱུར་ཡིན་པ་ཤེས་པ་དང། དེ་ཡང་འཛམ་གླིང་ས་ཕྱོགས་གང་དུ་ཡོད་ནའང་མི་ཡིན་པ་ཡིན་ན། འགྲོ་བ་མི་ཐེར་འབུམ་ ༧ ཆ་ཚང་མི་གཅིག་གྱུར་ཡིན་པ་ཤེས་དགོས་པ་དེ་གལ་ཆེན་ཡིན། ང་རང་ཚོ་ཆུང་དུས་བྱམས་བརྩེས་བསྐྱངས་པ་ཡིན་པ་དང། ང་རང་ཚོ་ལ་རྣམ་དཔྱོད་ཁྱད་པར་ཅན་ཞིག་ཡོད་པ་དེ་སློབ་སྦྱོང་ལ་བེད་སྤྱོད་བཏང་སྟེ། བདེ་སྐྱིད་བསྐྲུན་ཐབས་ལ་འབད་དགོས། ཞེས་སོགས་གསུངས་སོང་།སློབ་དཔོན་ཨོ་ཨེན་ཧི་ཀི་ལགས་ཀྱིས། ང་རང་ཚོ་འཛམ་བུ་གླིང་ནང་ལ་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ལ་ཕེབས་ཡོད་ཀྱང་། ༧གོང་ས་མཆོག་ནི་སེམས་ཁམས་ཀྱི་འཕྲོད་བསྟེན་སྐོར་སློབ་སྦྱོང་གནང་མཁན་ཐོག་མ་དེ་རེད། ད་དུང་ང་རང་ཚོ་གཅིག་གྱུར་གྱི་འདུ་ཤེས་དགོས་སྐོར་གསུངས་པ་ནི་ཧ་ཅང་གི་རླབས་ཆེན་པོ་རེད། སྤྱིར་བཏང་ཆ་ནས་ནུབ་ཕྱོགས་ནང་དུ་སྒེར་རྐྱང་པའི་བདེ་སྐྱིད་བཙལ་སྟོན་བྱས་པ་མ་གཏོགས་སྤྱི་ཡོངས་ནས་འགན་ལེན་པའི་བསམ་བློ་ཞེ་དྲགས་ཡོད་མ་རེད། ནད་ཡམས་དང་དམག་འཁྲུག་གི་དཀའ་ངལ་གང་ཡིན་ཡང། ང་རང་ཚོ་དཔུང་བསྒྲིལ་ནས་དཀའ་ངལ་དེར་གདོང་ལེན་བྱས་པའི་རྒྱུ་མཚན་གྱིས་དཀའ་ངལ་དེ་སེལ་ཐུབ་ཀྱི་ཡོད། དེ་འདྲ་སོང་ཙང་དཔུང་སྒྲིལ་དང་གཅིག་སྒྲིལ་གྱི་ནུས་པ་སྟོན་དགོས་པ་ནི་གལ་ཆེན་པོ་རེད། དེ་འདྲའི་དཀའ་ངལ་འཕྲད་པའི་སྐབས་སུ་སློབ་སྦྱོང་དང་ཁོར་ཡུག་དེ་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་གསུངས་པ་ལྟར་སྤྱི་ཡོངས་ཀྱི་འདུ་ཤེས་དགོས་པ་དེ་གལ་ཆེན་པོ་རེད་འདུག། མདོར་ན་ང་རང་ཚོར་གཅིག་སྒྲིལ་གྱི་འདུ་ཤེས་མེད་པ་དང་ཨོ་སི་ཊོ་ལི་ཡ་ལྟ་བུར་ཆ་བཞག་ན་བདེ་སྐྱིད་དེ་ཉམས་འགྲོ་ཡི་ཡོད་རེད། ད་དུང་། ཕྲུ་གུའི་འཚར་ལོངས་དང་འབྲེལ་བའི་སློབ་སྦྱོང་སྤྲོད་སྐབས་ལྟོས་གྲུབ་ཀྱི་རྣམ་གཞག་གལ་ཆེན་པོ་ཡིན་དུས། ད་ལྟའི་ང་རང་ཚོའི་ཁོར་ཡུག་གི་དཀའ་ངལ་ཆེན་པོ་དེ་འདྲ་འཕྲད་པའི་སྐབས་གཞོན་སྐྱེས་མི་རབས་གསར་པ་ཚོར་བཀའ་སློབ་ལམ་སྟོན་གང་ཡོད་སྐོར་བཀའ་འདྲི་ཞུས་སོང་།

༧གོང་ས་མཆོག་གིས། འཛམ་གླིང་སྤྱི་ཡོངས་ནང་དུ་དམངས་གཙོའི་ལམ་ལུགས་དར་བར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཀྱིས་མི་མང་དཀྱུས་མའི་བདེ་སྡུག་ལ་བསམ་ཤེས་བྱས་པའི་བསམ་བློ་དེ་དར་བཞིན་ཡོད་པ་དང།  དེ་སྔོན་ཨ་རིའི་རྒྱལ་སར་དབུལ་ཕྱུག་བར་ཁྱད་པར་ཡོང་ཡོད་པ་ལྟར།  གཞུང་ལམ་དུ་ངོས་རང་གིས་མི་སྐྱོ་བོ་མང་པོ་ཞིག་མཐོང་བྱུང་། ལྷག་པར་དུ་རྒྱ་གར་གྱི་རྒྱལ་ཁབ་ནང་དུ་མི་སྐྱོ་བོ་མང་པོ་ཞིག་ལ་དཀའ་ངལ་དང་། བུད་མེད་དང་མི་དཀྱུས་མ་མང་པོ་ཞིག་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། དེར་བརྟེན་དེ་དག་ལ་དོ་སྣང་བྱ་དགོས་པ་དང་རོགས་རམ་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་དང། འཛམ་གླིང་གཅིག་གྱུར་གྱི་བདེ་སྐྱིད་དེ་སྒེར་གྱི་བདེ་སྐྱིད་ལ་རག་ལས་ཀྱི་ཡོད། འགྲོ་བ་མི་རྣམས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་ཤེས་བཞིན་དུ་ཕན་ཚུན་གསོད་རེས་དང་ནང་འཁྲུག་བརྒྱབ་ན་ཐབས་སྐྱོ་བོ་ཡིན་པས། བྱམས་པ། སྙིང་རྗེ། བརྩེ་བ་དང་བཟོད་སྒོམ་སོགས་ཆོས་ལུགས་ལ་མ་ལྟོས་པར་སྤྱི་ཡོངས་ཀྱི་བསླབ་བྱ་གཅིག་གྱུར་ཡིན་པ་ཤེས་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་།

མཇུག་ཏུ། ༧རྒྱལ་བ་རིན་པོ་མཆོག་གིས། ངོས་རང་གི་ངོ་ཤེས་པའི་ཨུ་རུ་སུའི་ཚན་རིག་པ་གཅིག་དང་མོ་སི་ཁོ་མཐོ་རིམ་སློབ་གཉེར་ཁང་གི་ཚན་རིག་པ་ཁ་ཤས་ཤིག་གིས་ཐུགས་དམ་རིམ་པའི་སྐོར་ལ་བརྟག་དཔྱད་བྱས་ཏེ་དམིགས་བསལ་གྱི་ཐུགས་སྣང་གནང་གི་ཡོད་རེད། ཚན་རིག་ངོས་ནས་བསམ་བློ་གཏོང་སྟངས་དང་དཔྱད་པ་བྱེད་པ་རྣམས་ཞེ་དྲགས་ཡག་པོ་མཐོང་གི་འདུག། ངོས་རང་ལོ་བཅུ་ཉི་ཤུའི་རིང་གསོན་པ་བྱས་ནས་བསྡད་ཐུབ་ཀྱི་རེད་བསམ་གྱི་འདུག། དེ་འདྲའི་རིང་ལ་ང་ཚོ་ཕན་ཚུན་གྲོས་མོལ་ཞུ་བའི་དུས་ཚོད་འདང་ངེས་ཞིག་ཡོད་པ་རེད། ཅེས་གསུངས་སོང།

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༡/༡༩

Leave a Reply