རྒྱ་ནག་གིས་འབྲུག་གི་ས་ཁོངས་སུ་གྲོང་གསེབ་ཅིག་གསར་འཛུགས་བྱས་འདུག

རྒྱ་ནག་གཞུང་གིས་འབྲོག་ལམ་ཁུལ་གྱི་འབྲུག་གི་སག་སྟེང་ཞེས་པའི་ས་ཁོངས་སུ་(pangda)ཟེར་བའི་གྲོང་གསེབ་གསར་པ་ཞིག་འཛུགས་བྱས་ཏེ་རྩོད་རྙོག་སློང་གི་ཡོད་འདུགརྒྱ་གར་ཨིན་ཅི་བརྙན་འཕྲིན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་(CGTN)གི་གསར་འགོད་པ་རྒན་པ་ཧྲིན་ཧྲི་ཝེ་(Shen Shiwei)ཡིས་ཊི་ཝེ་ཊིར་སྟེང་། རྒྱ་ནག་གཞུང་གིས་རྩོད་རྙོག་ཏུ་གྱུར་བའི་འབྲོག་ལམ་ས་མཚམས་དང་རྒྱང་ཐག་སྤྱི་ལེ་ ༩ ཙམ་གྱི་སར་ཡོད་པའི་འབྲུག་གི་མངའ་ཁོངས་སུ་སིམ་འཛུལ་གྱིས་ས་ཁྱོན་སྤྱི་ལི་ ༢།༥ ཧམ་བཟུང་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གྲོང་གསེབ་ཅིག་གསར་འཛུགས་ལེགས་གྲུབ་བྱུང་བའི་གནས་ཚུལ་སྤེལ་རྗེས་ནག་གསུབ་བཏང་ཡོད་ཀྱང་། རྒྱ་གར་གྱི་གསར་ལམ་ནས་གནས་ཚུལ་དེ་ཉར་ཚགས་བྱེད་ཐུབ་ཡོད་འདུག

ད་ལྟའི་ཆར་གནད་དོན་འདིའི་ཐད་འབྲུག་ཕྱོགས་ནས་ལན་འདེབས་གང་ཡང་བྱས་མེད་ཀྱང་། རྒྱ་གར་བང་ཆེན་གསར་ཁང་གི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༧ ནང་ཨ་རིས་སྣེ་འཁྲིད་པའི་རྒྱལ་སྤྱི་ཁོར་ཡུག་མཐུན་སྦྱོར་ཚོགས་པའི་(Global Environment Facility (GEF)ཚོགས་འདུ་སྐབས་ ༥༨ པའི་སྟེང་། རྒྱ་ནག་གིས་ད་ལྟ་བདག་བཟུང་བྱས་པའི་ས་ཁུལ་དེ་ནི་རྒྱ་ནག་རང་གི་ས་ཁོངས་ཡིན་སྐོར་བསྒྲགས་ཡོད་ཀྱང་། སྐབས་དེར་འབྲུག་གཞུང་གིས་རྒྱ་ནག་གི་ཧམ་བཤད་ལ་ངོས་ལེན་མེད་པའི་ལན་འདེབས་བྱས་ཡོད་པ་མ་ཟད། འབྲུག་གཞུང་གིས་དོ་ནན་ཐོག་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ས་ཁུལ་དེ་ནི་འབྲུག་གི་མངའ་ཁོངས་ཡིན་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་འདུག་ལ། ས་ཁུལ་དེ་ནི་འབྲུག་གི་ཤར་ཕྱོགས་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༦༥༠ ཡོད་པའི་སག་སྟེང་(Sakteng)ཞེས་པའི་བདག་མེད་སེམས་ཅན་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་པ་དང་། འདི་ལོའི་བར་རྒྱ་ནག་གིས་ས་ཁུལ་དེའི་བདག་དབང་ཐད་རྩོད་རྙོག་གང་ཡང་གླེང་སློང་བྱས་མྱོང་མེད་སྐོར་སོགས་བརྗོད་འདུག

གནས་ཚུལ་དེར་ཐོག་མར་རྒྱུས་ལོན་བྱེད་མཁན་རྒྱ་གར་ཨིན་ཌའེ་བརྙན་འཕྲིན་ཁང་( NDTV )གིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་འབྲེལ་གསར་ཁང་གི་གསར་འགོད་པ་རྒན་པ་ཧྲིན་ཧྲི་ཝེ་(Shen Shiwei)ཡིས་ཊི་ཝེ་ཊིར་སྟེང་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་གྲོང་གསེབ་དེའི་པར་དང་ས་གནས་བཅས་གསལ་བོར་བཀོད་དེ་དུས་ཡུན་ཅུང་ཙམ་ལས་མ་འགོར་བར་ཁོས་གནས་ཚུལ་ནག་གསུབ་བཏང་ཡོད་ཀྱང་། རྒྱ་གར་གྱི་གསར་འགོད་པ་ཚོས་ཁོའི་གནས་ཚུལ་དེར་འཆར་ཤེལ་པར་རིས་བཏབས་ཏེ་ཉར་ཚགས་ཐུབ་ཡོད་པ་མ་ཟད། ཁོ་ཚོས་དྲ་ལམ་འཁོར་སྐར་བརྒྱུད་གནས་ཚུལ་དེའི་སྐོར་ལ་རྒྱུས་ལོན་བྱས་ཏེ། གྲོང་གསེབ་དེའི་པར་དང་ས་གནས་སོགས་ཁ་གསལ་བཟོས་ཏེ་འགྲེམ་སྤེལ་བྱས་འདུག

དབྱེ་ཞིབ་པས་གནས་ཚུལ་དེར་ཞིབ་འཇུག་བྱས་པ་ལྟར་ན།  རྒྱ་ནག་གིས་གྲོང་གསེབ་དེའི་མིང་ལ་(Pangda) གྲོང་གསེབ་ཅེས་བཏགས་ཡོད་ཅིང་། གྲོང་གསེབ་དེ་ས་མཚམས་ནས་སྤྱི་ལེ་ ༢།༥ བརྒལ་ཏེ་འབྲུག་གི་མངའ་ཁོངས་སུ་ཡོད་འདུག་ལ། པར་རིས་གནས་ཚུལ་ལ་བལྟས་ན། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མཐའ་སྲུང་དཔའ་བོའི་མིང་ཐོག་ནས་གྲོང་གསེབ་གསར་པ་དེའི་ནང་བོད་མི་གནས་སྡོད་བྱེད་ཀྱི་ཡོད་འདུག   ད་ལྟའི་ཆར་རྒྱ་ནག་གིས་འབྲུག་གི་མངའ་ཁོངས་ཀྱི་ས་ཁྱོན་བརྒྱ་ཆ་ ༡༢ ཙམ་རྒྱ་ནག་གི་ཡིན་སྐོར་རྩོད་རྙོག་སློང་གི་ཡོད་འདུགརྒྱ་གར་ཨན་ཌའེ་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་། ཐེངས་འདིའི་འབྲུག་གི་ས་ཆ་ཧམ་བཟུང་བྱས་པའི་གནད་དོན་འདི། རྒྱལ་འབྲེལ་ཟབ་པའི་འབྲུག་དང་རྒྱ་གར་གཉིས་ལ་ས་མཚམས་རྩོད་རྙོག་གི་སྲིད་བྱུས་དང་འབྲེལ་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། དམིགས་བསལ་རྒྱ་གར་གཞུང་གིས་འབྲུག་ལ་ཕྱི་སྲིད་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། ད་རེས་རྒྱ་ནག་གིས་འབྲུག་གི་ས་ཆ་ཧམ་བཟུང་བྱས་པ་དེས། འབྲུག་ལ་དམག་ཤུགས་ཞན་པའི་གནས་སྟངས་འོག་ཐུབ་ཚོད་བཏང་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་ངེས་པར་དུ་འབྲུག་གི་ས་ཁོངས་བདག་དབང་ཐད་རྒྱབ་སྐྱོར་འགན་ལེན་བྱེད་དགོས་སྐོར་སོགས་བརྗོད་འདུག

ཨོ་གླིང་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་དྲ་རྒྱའི་གནས་ཚུལ་ཞིབ་འཇུག་ཁང་ཞེས་པར་ལས་ཀ་བྱེད་བཞིན་པའི་ཞིབ་འཇུག་པ་ནཱ་ཐན་རའོ་སར་(Nathan Ruser)ཞེས་པ་ཞིག་གིས།  རྒྱ་ནག་གིས་ཧམ་བཟུང་བྱས་པའི་ས་ཆ་དེ་ནི་འབྲུག་གི་རྒྱལ་མཚམས་ལས་བརྒལ་ཡོད་པ་དང་། རྒྱ་ནག་གིས་ས་ཆ་དེ་ནི་འདི་ལོའི་ཕྱི་ཟླ་ ༧ ནང་སྔོན་བརྡ་གང་ཡང་མེད་པར་རྒྱ་ནག་གི་ས་ཁོངས་ཡིན་ཞེས་བསྒྲགས་ཡོད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་གཉིས་ནང་བལ་ཡུལ་གྱི་བྱང་ཕྱོགས་གོར་ཁ་རྫོང་(Gorkha District) གི་གྲོང་རྡལ་ (Rui Village)ནང་སིམ་འཛུལ་བྱས་ཏེ། བལ་ཡུལ་གཞུང་གིས་ས་མཚམས་སུ་བཙུགས་པའི་ཀ་བ་རྣམས་བཀོག་ཡོད་པ་དང་། གསར་དུ་ཐོན་པའི་འབྲོག་ལམ་ཁུལ་གྱི་གནད་དོན་དེ། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་བྱུང་ཡོད་པ་དང་། ད་རེས་འབྲུག་གི་ས་ཆ་བཙན་འཕྲོག་བྱས་པ་དེས་རྒྱ་ནག་གིས་སླར་ཡང་འབྲོག་ལམ་ཁུལ་ནས་རྒྱ་གར་ལ་ས་མཚམས་རྩོད་རྙོག་སློང་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༡/༢༠

Leave a Reply