སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་གནང་།

ཨ་རིའི་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་འདུགབོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ཨ་རིའི་གཞུང་འབྲེལ་གདན་ཞུས་ལྟར་ཁ་སང་ཕྱི་ཚེས་ ༢༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཏེ། སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་སོགས་གནད་ཡོད་མི་སྣར་མཇལ་མོལ་གནང་ཡོད་འདུག

ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་སྐྱིད་ལགས་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་སྐབས། ཐེངས་འདིའི་མཇལ་མོལ་སྐབས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་དང་། དེ་བཞིན་རྒྱ་ནག་གཙོ་བོར་གྱུར་བའི་ཨེ་ཤ་ཡའི་སྐོར་ལ་ཕྱག་ལས་གནང་མཁན་གྱི་གནད་ཡོད་མི་སྣ་རྣམས་ལ་མཇལ་མོལ་གནང་ཡོད་ལ། ད་ལན་ཨ་རིའི་གཞུང་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་། དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་མི་མང་གིས་བདམས་བཞག་པའི་མགོ་འཁྲིད་ཅིག་དང་། ༧གོང་ས་མཆོག་ནས་གསོལ་རས་གནང་བཞག་པའི་དམངས་གཙོའི་ལམ་ལུགས་ལ་ངོས་འཛིན་གནང་བ་ཞིག་ཡིན་སྐོར་གསུངས་པ་ལྟར། འདས་པའི་ལོ་ ༦༠ དང་ལྷག་པར་ལོ་དགུ་ཡི་ནང་རེ་བ་བྱས་བསྡད་པ་དེ་ད་ལན་འགྲུབ་སོང་བསམ་པའི་ཐོག་ནས་དགའ་ཚོར་དང་སྤོབས་པ་སྐྱེས་བྱུང་ཞེས་དང་། མཇལ་མོལ་སྐབས་ཨ་རིའི་གཞུང་ངོས་ནས་སྲིད་བྱུས་དབུ་མའི་ལམ་དང་བོད་མིའི་མངོན་འདོད་མིང་དོན་མཚུངས་པའི་རང་སྐྱོང་ཡིན་པ་དང་། བོད་དེ་རྒྱ་ནག་གི་དྲག་གནོན་འོག་ཡོད་པ་བཅས་ཕོ་བྲང་དཀར་པོ་ནས་མཁྱེན་པའི་ཐོག་ནས་རྒྱབ་སྐྱོར་གནང་སྟེ། ཉེ་སྔོན་གྱི་བོད་དོན་སྐོར་གྱི་གྲོས་ཆོད་དེ་གཏན་འབེབ་བྱུང་བ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་འདས་པའི་བཅུ་ཕྲག་དྲུག་གི་ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་ཕོ་བྲང་དཀར་པོ་གཉིས་ཀྱི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་འཛུལ་བར་དང་ལེན་བྱས་མེད་པ་དང་། དེའི་རྒྱུ་མཚན་ནི་ཨ་རི་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ངོས་ལེན་བྱེད་ཀྱི་མེད་སྟབས་ཡིན་པ་དང་། དེ་རིང་ཕོ་བྲང་དཀར་པོའི་ནང་བསྐྱོད་ཐུབ་པ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་དང་དེའི་ཆབ་སྲིད་ཀྱི་མགོ་ཁྲིད་ལ་ངེས་འཛིན་ཐོབ་པ་ཞིག་རེད། ཅེས་བཀོད་འདུག

དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་སྒེར་གྱི་ཊུ་ཝེ་ཊིར་སྤྱི་ཚོགས་དྲ་ལམ་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་ཐེངས་དང་པོར་གཞུང་འབྲེལ་ཐོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་འཛུལ་ཐུབ་པར་ཧ་ཅང་དགའ་སྤོབས་བྱུང་། ཅེས་བཀོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་ལྡི་ལི་བརྒྱུད་ཨ་རིའི་ནང་ཕེབས་ཏེ། བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་འཆར་གཏན་འབེབ་ཡོང་ཐབས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་སྐོར་གྱི་གྲོས་ཆོད་སྤྱི་མོས་བྱུང་བའི་ནང་། རིག་གཞུང་དང་ཆོས་ཀྱི་གལ་ཆེན་རང་བཞིན་ཐོག་བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་ངོས་འཛིན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བ་གོང་སྤེལ་གྱི་ཐུགས་སྐྱེད་དམ་བཅར་ཆེ་བསྟོད་ཞུ་རྒྱུ་སོགས་བཀོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༡/༢༡

Leave a Reply

9 thoughts on “སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་གནང་།

  1. ༄༅། སྲིད་སྐྱོང་མཆོག་བཀྲིས་བདེ་ལེགས་ཞུ།
    ཨ་རིའི་ཕོ་བྲང་དཀར་པོར་མགྲོན་བརྡ་གནང་བ་བཞིན་ཕེབས་ནས་བོད་དོན་ཆབ་སྲིད་ཀྱི་སྐོར་ཞུ་འབོད་
    གནང་བར་ཐུགས་རྗེ།