རྩེད་མོའི་ཁྲོད་ནས་སློབ་གསོ་སྤྲོད་ཐབས།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

ང་ཚོ་བོད་པའི་ཡུལ་སྲོལ་གོམས་གཤིས་ཁྲོད་དུ་རྩེད་མོ་ནི་སློབ་གསོའི་བྱེད་ཐབས་ཤིག་ལ་ངོས་འཛིན་བྱེད་སྲོལ་མེད་པ་དང་། བྱིས་པ་རྩེད་མོར་འཇུག་པར་སྐུལ་སློང་བྱེད་པའི་ལམ་སྲོལ་ཡོད་པ་མ་རེད་ཅེས་ཁ་ཚོད་གཅོད་མི་ནུས་ནའང་། རོང་འབྲོག་ས་ཁུལ་གྱི་ཕ་མ་གཙོས་པའི་བོད་པའི་ཕ་མ་མང་པོའི་ངག་ལ་རྒྱུན་འབྱམས་སུ་སོང་བའི་སྐད་ཆ་ཞིག་ནི་ངེད་ཚང་གི་བྱིས་པས་རྩེད་མོ་རྩེས་ཏེ་སྡོད་པ་ལས་སློབ་སྦྱོང་བྱེད་ཀྱི་མི་འདུག་ཅེས་པ་དེ་རེད།  སྐད་ཆ་འདིས་ཅི་ཞིག་སྟོན་གྱིན་ཡོད་དམ་ཞེ་ན། རྩེད་མོ་ནི་བྱིས་པར་སློབ་གསོ་སྤྲོད་པའི་བྱེད་ཐབས་ཡག་པོ་ཞིག་ཡིན་པ་དང་།  རྩེད་མོའི་ཁྲོད་དུ་ཤེས་བྱ་མང་པོ་ཞིག་ཉམས་སུ་མྱོང་རྒྱུ་ཡོད་པ། བྱིས་པ་ནི་རྩེད་མོ་ལ་དགའ་བའི་རང་གཤིས་ཅན་ཞིག་ཡིན་པ་སོགས་ཤེས་ཀྱི་མེད་པ་བསྟན་པར་འདོད། དེར་བརྟེན་ང་ཚོས་སློབ་གསོ་བྱེད་ཐབས་ཀྱི་རྒྱུན་ཤེས་སྐོར་ནས་གླེང་མོལ་མང་པོ་བྱེད་དགོས་པ་དང་ཉམས་མྱོང་བརྗེ་རེས་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་ལྟར་ན་གཤམ་དུ་རྩེད་མོའི་ཁྲོད་དུ་སློབ་གསོ་སྤྲོད་པའི་བྱེད་ཐབས་སྐོར་ཅུང་ཟད་གླེང་རྒྱུ་ཡིན།

དེང་རབས་ཀྱི་ཀླད་རྩ་རིག་པ་བ་དང་སེམས་ཁམས་རིགས་པ་ཚོས་རྩེད་མོ་ནི་བྱིས་པའི་ལུས་ཀྱི་བདེ་ཐང་ལ་ཕན་ཞིང་དང་སེམས་ཀྱི་བདེ་སྐྱིད་ལ་སྨན་པར་བཤད་པ་དང་། ཨ་རིའི་རྩོམ་པ་པོ་ཁུ་ལེར་མེལ་ཐིན་(Clair Mellenthin) ཞུ་བ་དེས་རྩེད་མོ་རྩེ་བའི་སྐབས་སུ་མིའི་ཀླད་པའི་ཆ་ཡོངས་སུ་རྫོགས་པ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་དང་། མིའི་བསམ་བློ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་ཡོད་པར་བཤད་ཡོད།ལོ་མཉམ་བྱིས་པ་ཚོས་མཉམ་དུ་རྩེད་མོ་རྩེ་བའི་སྐབས་སུ་ཁོ་ཚོས་འགུལ་སྐྱོད་དང་འགྲོ་འདུག  བསམ་བློ་དང་གཏམ་བརྗོད། འདེམས་ཀའི་རང་དབང་སོགས་ལ་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་། རྩེད་མོའི་ཁྲོད་དུ་ཕན་ཚུན་ལ་འགྲོགས་འདྲིས་བྱེད་པ་དང་རྒྱུས་ལོན་བྱེད་པའི་གོ་སྐབས་ཡག་པོ་ཡོད་པ་ཡིན། རྩེད་མོའི་ཁྲོད་དུ་ བྱིས་པར་མི་གཤིས་ཀྱི་རྩ་བ་འཛུགས་ཐུབ་པ་དང་གཞན་ལ་བསྟུན་ཤེས་ཀྱི་བསམ་བློ་སྐྱེ་ཐུབ་པ་ལ་སོགས་པའི་ཉམས་མྱོང་རྣམས་མི་ཚེ་གང་བོར་བཀོལ་སྤྱོད་བྱེད་ཆོག་པ་ཡིན། རྩེད་མོའི་ཁྲོད་དུ་བྱིས་པས་ཤེས་བྱ་སྣ་ཚོགས་ལ་རོལ་མྱོང་བྱེད་ཐུབ་པ་དང་། བྱིས་པའི་སེམས་ལ་འཇིག་རྟེན་ལྟ་ཚུལ་དང་མཛེས་དཔྱོད་ཀྱི་ལྟ་བ། རིན་ཐང་ལྟ་བ་འཛིན་སྟངས་ལ་སོགས་པའི་འདུ་ཤེས་ཀྱི་བག་ཆགས་སྐྱེ་ཐུབ། དེ་ལྟར་ན་བྱིས་པར་རྩེད་མོ་རྩེ་བར་སྐུལ་འདེད་དང་རྩེད་མོ་རྩེ་བའི་མཐུན་རྐྱེན་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེའོ།།

བྱིས་པ་རྩེད་མོ་ལ་དགའ། རྩེད་རོགས་ཕ་མ་ཡིན་ཞེས་པ་ལྟར།  ཕ་མས་བུ་ཕྲུག་ལ་རྩེད་མོ་རྩེ་རོགས་བྱེད་དགོས་ཤིང་བུ་ཕྲུག་དང་ལྷན་དུ་རྩེད་མོ་རྩེ་བའི་སྐབས་སུ་བུ་ཕྲུག་གི་མི་ཚེའི་མདུན་ལམ་ཁྲོད་བརྒྱུད་དགོས་པའི་དཀའ་རྙོག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཉམས་སུ་མྱོང་ཐུབ་པ་ཡིན། རྒྱལ་ཕམ་བྱུང་བའི་སྐབས་སུ་སེམས་ཁམས་སྙོམས་སྒྲིག་བྱེད་ཚུལ་དང་འགོག་རྐྱེན་ལ་འཕྲད་དུས་དཔའ་མི་ཞུམ་པར་གདོང་ལེན་བྱེད་ཚུལ། མི་གཤིས་མི་འདྲ་བའི་བྱིས་པ་འདྲ་མིན་ལ་འབྲེལ་འདྲིས་བྱེད་དུས་རང་གཞན་གྱི་རྩིས་ཐང་ལ་བརྩི་བཀུར་བྱེད་ཚུལ་དང་། གཞན་དང་མཉམ་ལས་བྱེད་དུས་ནུས་པ་མཉམ་སྤོངས་བྱེད་ཚུལ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་དང་ཁོར་ཡུག་མི་འདྲ་བའི་ཁྲོད་དུ་བསྟུན་མཁས་བྱེད་ཚུལ་དང་མི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས། དཀའ་རྙོག་དང་དཀའ་གནད་སེལ་ཚུལ་དང་།དཀའ་ཁག་ལ་འཕྲད་པའི་མི་ལ་བསམ་ཤེས་བྱེད་ཚུལ་སོགས་བུ་ཕྲུག་གི་མ་འོངས་པའི་འཚོ་བའི་ཁྲོད་དུ་ཕན་ཐོགས་ཆེ་བའི་འཇོན་ནུས་ཀྱི་རྩལ་མང་པོ་སྦྱོང་བརྡར་བྱེད་ཐུབ་པ་ཡིན། བུ་ཕྲུག་དང་ལྷན་དུ་རྩེད་མོ་ལ་ཞུགས་པའི་སྐབས་སུ་ཁ་བརྡ་བྱེད་པའི་གོ་སྐབས་མང་པོ་ཡོད་པ་དང་ཁ་བརྡ་བྱེད་སླ་བ་ཡིན། ཁ་བརྡའི་ཁྲོད་ནས་བུ་ཕྲུག་དང་འདྲིས་སླ་ཞིང་བུ་ཕྲུག་གི་སེམས་ཁམས་ལ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད་།བུ་ཕྲུག་གི་སེམས་ཁམས་སུ་སྤྲོ་སྣང་གི་ས་བོན་འདེབས་ཐུབ་པ་དང་མི་གཤིས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ། དེ་ན་བུ་ཕྲུག་དང་ལྷན་དུ་མཉམ་དུ་གནའ་དེང་གི་རྩེད་མོའི་རིགས་སྣ་ཚོགས་ལ་ཞུགས་ཏེ་བུ་ཕྲུག་ལ་བསྟོད་སྔགས་དང་སེམས་ཤུགས་སྤར་དགོས། དེ་ལྟར་བྱས་ན་ཕ་མས་བུ་ཕྲུག་དང་ལྷན་དུ་འབྲེལ་ལམ་ཡག་པོ་དང་བརྟན་པོ་བཟོ་ཐུབ་པ་ཡིན། ཕ་མ་དང་བུ་ཕྲུག་བར་དུ་འབྲེལ་ལམ་ཡག་པོ་ཡོད་ན་བུ་ཕྲུག་གིས་བྱ་བ་ཡག་སྡུག་ཚང་མ་སྤ་གསང་མེད་པར་ཕ་མ་ལ་བཤད་པ་དང་།ཕ་མས་བུ་ཕྲུག་ལ་རོགས་རམ་དང་ལམ་སྟོན་བྱེད་ཐུབ་པ་ཡིན། སྐབས་དེར་ཕ་མ་དང་བུ་ཕྲུག་པར་ལ་མཉམ་ལས་ཀྱི་གོམས་གཤིས་ཆགས་ཤིང་ལས་ཀའི་སྟེང་དུ་ནུས་པ་མཉམ་སྤོངས་བྱེད་ཐུབ། དེ་ན་ང་ཚོ་བོད་ཀྱི་ཕ་མ་ཚོས་ཀྱང་རྩེད་མོའི་དགེ་མཚན་ཐད་བསམ་གཞིགས་བཏང་སྟེ་བུ་ཕྲུག་རྩེད་མོ་སྣ་ཚོགས་ལ་ཞུགས་ཏུ་འཇུག་དགོས་ཤིང་། རྩེད་མོའི་ཁྲོད་དུ་བུ་ཕྲུག་ལ་སློབ་གསོ་སྤྲོད་པའི་ཐབས་ལ་འབད་དགོས་སོ།།

བྱིས་པ་ནི་ཆུང་དུས་ནས་ཚན་རིག་པའི་སེམས་ཁམས་ཅན་ཞིག་ཡིན་ཞེས་པ་ལྟར།ཁོང་ཚོར་བརྟག་དཔྱད་དང་ཞིབ་འཇུག་ལ་ཧ་ཅང་དགའ་བོ་ཡོད་པར་བཤད། སྐུ་ཞབས་ཉི་གཞོན་ལགས་གྱིས་སྒྲིག་སྒྱུར་བྱས་པའི་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅེས་པའི་བོད་ཡིག་གི་དཔེ་ཆ་དེའི་ནང་དུ་མཚར་སྣང་གིས་སྤྲོ་སྣང་འདྲེན། སྤྲོ་སྣང་གིས་ཤེས་འདོད་འདྲེན་ཅེས་གསུངས་ཡོད་པ་ལྟར། བྱིས་པ་ནི་མཚར་སྣང་ཆེ་ཞིང་ཤེས་འདོད་ཆེ་བ་ཞིག་ཡིན་པ་དང་བྱིས་པའི་ཚན་རིག་ཚོད་ལྟ་ཁང་དེ་རང་གི་ཁྱིམ་དང་རྩེད་མོའི་ཁོར་ཡུག་ཡིན་པར་བཤད། ཚན་རིག་ཚོད་ལྟ་ལ་མཁོ་བའི་ཆ་རྐྱེན་སྐྲུན་མཁན་དེ་ཕ་མ་གཉིས་ཡིན་པ་དང་ཚོད་ལྟའི་ཁྲོད་དུ་མཁོ་བའི་ཡོ་སྦྱད་དེ་རྩེད་ཆས་ཡིན་པར་བཤད། དེ་ལྟར་ན་ཕ་མས་བུ་ཕྲུག་ལ་རྩེད་ཆས་མཁོ་སྤྲོད་བྱེད་སྐབས་རིག་པ་བཀོལ་སླ་བའི་རྩེད་ཆས་ཀྱི་རིགས་ངོ་སྤྲོད་བྱེད་དགོས། བྱིས་སྐྱོང་སློབ་གསོ་བ་ཚོས་བརྗོད་པ་ན། ཕྲུ་གུ་ཟླ་ངོ་གཅིག་ལོན་པའི་སྐབས་ནས་ཕྲུ་གུའི་དབང་བོ་ལྔའི་ནུས་པ་གོང་འཕེལ་དུ་འགྲོ་བར་ཕན་པའི་རྩེད་ཆས་ཀྱི་རིགས་ངོ་སྤྲོད་བྱེད་དགོས་པར་བཤད། དཔེར་ན་མིག་གིས་ལྟ་ས་དང་རྣ་བས་ཉན་ས།  ལག་པའི་ཐུག་ས་ཡོད་པའི་རྩེད་ཆས་ཀྱི་རིགས། ལོ་གཅིག་ཡན་ཆད་ཀྱི་བྱིས་པ་ལ་གནོན་རྒྱུ་ཡོད་པ་དང་བཙུར་རྒྱུ་ཡོད་པ། ཕར་ལ་འདེད་རྒྱུ་དང་ཚུར་ལ་འཐེན་རྒྱུ་ཡོད་པ། ཁ་ཕྱེ་རྒྱུ་དང་སྒོ་རྒྱག་རྒྱུ་ཡོད་པ། གཟུགས་ལ་ལྟ་རྒྱུ་དང་སྒྲ་ལ་ཉན་རྒྱུ་ཡོད་པ། མདོར་དེད་ན་ལུས་ཀྱི་རྩལ་དང་སེམས་ཀྱི་ནུས་པ་གོང་འཕེལ་དུ་འགྲོ་བར་ཕན་པའི་རྩེད་ཆས་ཀྱི་རིགས་ངོ་སྤྲོད་བྱེད་དགོས་པར་བཤད། ཁོར་ཡུག་དང་རྩེད་ཆས་ཀྱིས་བྱིས་པའི་སེམས་ལ་བག་ཆགས་འདྲ་མིན་འཇོག་གི་ཡོད་པས། ཕ་མས་བུ་ཕྲུག་ལ་རྩེད་ཆས་ཉོ་དུས་བུ་ཕྲུག་གི་ལུས་རྩལ་དང་ངག་རྩལ། སྐད་ཆའི་རྒྱུ་རྩལ་སོགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཡོད་པའི་རྩེད་ཆས་ཀྱི་རིགས་ཉོས་ཏེ་ངོ་སྤྲོད་བྱེད་དགོས།གལ་སྲིད་དེ་ལས་ལྡོག་སྟེ་བུ་ཕྲུག་ལ་མེ་མདའ་དང་གྲི་སོགས་མཚོན་ཆའི་རིགས་ཀྱི་རྩེད་ཆས་ཉོས་ཏེ་མཁོ་སྤྲོད་བྱས་པ་ཡིན་ན་བྱིས་པའི་སེམས་ལ་གནོད་འཚེའི་རང་བཞིན་གྱི་བག་ཆགས་ངན་པ་འཇོག་པར་བཤད་པས་དེར་གཟབ་དགོས། དེང་རབས་ཀྱི་སེམས་ཁམས་རིག་པ་ཚོས་བྱིས་པའི་མི་གཤིས་ཀྱི་བརྒྱ་ཆ་བརྒྱད་ཅུ་ལྷག་ཕ་མ་དང་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བཤད་པས།ཕ་མས་བུ་ཕྲུག་ལ་རྩེད་ཆས་ཉོ་དུས་བྱིས་པའི་བློ་རིག་རྒྱས་པར་ཕན་པའི་རྩེད་ཆས་རིགས་མཁོ་སྤྲོད་བྱས་ཏེ་བུ་ཕྲུག་ལ་རྩེད་ཆས་ཁྲོད་དུ་སློབ་གསོ་སྤྲོད་དགོས་ཤིང་།རྩེད་ཆས་ཀྱི་ཁྲོད་ནས་སྐྱོང་དགོས་པ་ཡིན་ནོ།།

ཨ་རིའི་བྱང་ཁཱ་ལུ་ཧྥོ་ནེ་ཡར་བཞུགས་པའི་བྱིས་སྒྲུང་རྩོམ་པ་པོ་སྐུ་ཞབས་དོན་གྲུབ་ཚེ་རིང་ལགས་ཀྱིས་བྱིས་སྒྲུང་གླིང་དུ་བོད་པའི་ཕ་མ་ཚོས་ངེད་ཚང་གི་བྱིས་པ་སློབ་སྦྱོང་ལ་དགའ་བོ་མི་འདུག་ཅེས་བཤད་དེ་མི་སྡོད་པར་རྩེད་མོའི་བྱེད་ཐབས་བཀོལ་ཏེ་བྱིས་པ་ལ་སློབ་སྤྲོད་རྒྱུ་གལ་ཆེ་ཞེས་གསུངས་པ་ལྟར། རྩེད་མོ་ནི་སློབ་གསོའི་བྱེད་ཐབས་ཡག་པོ་ཞིག་ཡིན་པ་དང་རྩེད་མོའི་ཁྲོད་དུ་བྱིས་པ་ཚོའི་ལུས་སེམས་ཀྱི་ནུས་རྩལ་མང་པོ་ཞིག་སྦྱོང་བརྡར་བྱེད་ཐུབ་ཀྱི་ཡོད་པ་ཤེས་དགོས་ཤིང་། བུ་ཕྲུག་ལ་རྩེད་མོའི་མཐུན་རྐྱེན་བསྐྲུན་དགོས་ཤིང་བུ་ཕྲུག་དང་མཉམ་དུ་རྩེད་མོ་སྣ་ཚོགས་ལ་ཞུགས་དགོས་པ་ཡིན། ལྷག་པར་དུ་བོད་རང་གི་ཡུལ་སྲོལ་དང་མཐུན་ཞིང་གོམས་གཤིས་སུ་འཐིམ་པའི་རྩེད་མོའི་རིགས་ལ་བྱིས་པ་ཚོ་རྩེ་རུ་བཅུག་སྟེ་རྒྱུན་འཛིན་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེ་ཞིང་ཕན་ཐོགས་ཆེན་པོ་ཡོད། རྩེད་མོའི་ཁྲོད་དུ་བྱིས་པར་སློབ་གསོ་སྤྲོད་པའི་ལུགས་སྲོལ་དར་ཁྱབ་ཏུ་སོང་བ་ཡིན་ན།བོད་ཕྱི་ནང་གཉིས་སུ་འཇོན་ནུས་ལྡན་ཞིང་བློ་གྲོས་ཀྱིས་ཕྱུག་པའི་བྱིས་པ་མང་པོ་འཚར་ལོངས་འབྱུང་ངེས་སོ།།

བསྐྱར་བཅོས།: ༢༠༢༠/༡༡/༢༡

Leave a Reply

One thought on “རྩེད་མོའི་ཁྲོད་ནས་སློབ་གསོ་སྤྲོད་ཐབས།

  1. ཧ་ཅང་ལེགས་པོ་འདུག་ཡི་རང་བསྔགས་བརྗོད་ཞུ་འོས་པ་ཞིག་མཐོང་། རྩོམ་བསྒྲིགས་པ་དང་འདི་ཕྱོགས་ལ་འབད་བརྩོན་གནང་མཁན་ཡོངས་ལ་བཀྲིན་ཆེ་ཞུ། འདི་འདྲ་གནང་པ་ཡིན་ན་བོད་མི་རིགས་ཀྱི་སོན་རྩ་རྣམས་ལ་མདུན་ལམ་སྟོན་སྟངས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་ངེས་། དགའ་བསུ་ཞུ།